12444

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟངས་འཛིན
Tibetan Definition 1 ཡིན་མིན་གྱི་དོན་ཐག་བཅད་པ། བསྟན་དར་ལྷ་རམས་པའི་བརྡ་གསར་རྙིང་ལས། སྟངས་འཛིན་དང་སྟོང་གཅོད་ནི་ཡིན་མིན་གྱི་དོན་ཐག་བཅད་པའོ། །ཞེས་གསུངས། རྣམ་དབྱེ་འབྱེད་པ། ཤན་འབྱེད་པ། བོད་རྒྱ་ཚིག་མཛོད་ཆེན་མོར། དབྱེ་མཚམས་ཕྱེ་སྟེ་འཛིན་པའི་དོན་དུ་བཤད། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས། འདི་མ་དག་རྒྱུན་འབྱམས་སུ་སོང་བ་ཡིན། སྟངས་འཛིན་ཞེས་བརྗོད་ན་གོ་རྒྱུ་མེད། བཏང་འཛིན་ཞེས་འབྲི་དགོས། བཏང་འཛིན་ནི་བཏང་སྟེ་འཛིན་པ་ཟེར་བའི་དོན་ཡིན་ཟེར། སྟངས་འཛིན་ལ་བཏང་འཛིན་ཞེས་བརྗོད་དགོས་གསུང་བ་ནི་ཤིན་ཏུ་ནོར་བ་ཡིན་ཏེ། སྟངས་འཛིན་ཞེས་པའི་སྟངས་ནི། ཟ་སྟངས། འཐུང་སྟངས། འགྲོ་སྟངས། བསམ་བློ་གཏོང་སྟངས་ཟེར་བ་ལྟ་བུའི་སྤྱོད་ཚུལ་གྱི་དོན་ཡིན་ལ། འཛིན་ནི་ཚོད་འཛིན་བྱེད་པའི་དོན་ཡིན་པས། སྤྱོད་ཚུལ་རྒྱ་ཡན་དུ་མ་ཤོར་བར་ཚོད་འཛིན་བྱེད་པའི་དོན་ནོ། །དཔེར་ན་བྱིས་པ་ཆུང་ངུ་ཐོག་མར་གོམ་པ་སློབ་པ་ན། ཐོག་མར་ཕ་མས་ཕྲུག་གུ་དེ་རང་འདོད་ལྟར་འགྲོ་རུ་ཆུག་ཅིང་། གལ་ཏེ་ཕྲུག་གུ་དེ་ས་ལ་འགྱེལ་བའམ་གཡང་ས་སོགས་ཉེན་ཁའི་ཕྱོགས་སུ་རྒྱུགས་པར་རྩོམ་པ་ན། དེ་མ་ཐག་ཚོད་འཛིན་བྱེད་པ་ལྟ་བུའི་དོན་ནོ། །མདོར་ན་བལྟ་རྟོག་བྱ་ཡུལ་དེའི་སྤྱོད་ཚུལ་ལ་དམ་ལྷོད་རན་པོའི་སྒོ་ནས་ཚོད་འཛིན་བྱེད་པའི་དོན་ནོ། །སྟངས་ཞེས་པ་སྤྱོད་ཚུལ་ལ་འཇུག་པ་ནི། རྗེའི་ལམ་རིམ་ཆེན་མོ་ལས། འོ་སྐོལ་སྟངས་བཟང་བར་མི་འདུག་པས་དཀོན་མཆོག་མཆོད་པ་ལ་དུས་ཐམས་ཅད་དུ་བརྩོན་པར་བྱའོ། །ཞེས་དང་། དེའི་ཐད་ཀྱི་དབྱངས་ཅན་དགའ་བློའི་ལམ་རིམ་བརྡ་བཀྲོལ་༢༦བ༦ལས། སྟངས་བཟང་བ་ནི་སྤྱོད་ཚུལ་བཟང་བ། ཞེས་གསུངས་སོ། །མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་བརྩམས་པའི་མི་དབང་རྟོགས་བརྗོདདེབ་གཟུགས་༣༥༣ལས། ནང་ན་གང་དུ་ཉེ་བར་མི་སྲུན་པ་ཚེར་མའི་བརྟུལ་ཞུགས་ཅན། རང་བཞིན་གྱིས་ཞེ་སྡང་བ་དག་གིས་སྤྱི་ཞུས་དང་སྒེར་ཞུས་སུ་སྒྲོ་བཏགས་ནས་བསྟན་འགྲོ་ཕུང་ལ་སྦྱོར་བར་ཆ་མ་འཚལ་ན་གོང་མ་ཆེན་པོས་རྣམ་པར་སྤྱོད་པའི་མཁྱེན་པས་དཔྱད་རྩད་ཅིང་མ་དྲིས་པར་ལེགས་ཉེས་ཀྱི་སྟངས་འཛིནལུང་དུ་སྟོན་པ་མི་རིགས་ཤིང་། ཞེས་གསུངས་པ་ལྟ་བུའོ། །