12467

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོང་ཉིད
Tibetan Definition (དབུ་མ) 1 ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག 2 སྟོང་ཉིད་རྟོགས་པའི་ལྟ་བ། སྔགས་ཀྱི་སྐབས་སུ་སྟོང་ཉིད་ཅེས་པ། ཡུལ་སྟོང་པ་ཉིད་དང༌། ཡུལ་ཅན་སྟོང་ཉིད་རྟོགས་པའི་ཤེས་རབ་གཉིས་ཀ་ལ་འཇུག་སྟེ། རྗེ་ཙོང་ཁ་པ་ཆེན་པོའི་སྦས་དོན་ལྟ་བའི་མིག་འབྱེད་ལས། དེ་ལ་སྟོང་པ་ནི་དེ་ཁོ་ན་ཉིད་ཀྱི་ལྟ་བའམ། དེ་ཁོ་ན་ཉིད་དོ། །ཞེས་དང༌། ཀྱེ་རྡོ་རྗེའི་རྒྱུད་ལས། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་རབ་ཏུ་བརྗེོད། །ཅེས་གསུངས་པ་ལྟར་རོ། །མིང་གི་རྣམ་གྲངས་ནི། ཀ་དག ཀུན་གཞི། ཀུན་བཟང༌། ཀུན་ཏུ་བཟང་པོ། སྐྱེ་མེད། སྐྱེ་བ་མེད་པ། ངེས་དོན། ངོ་བོ་ཉིད་མེད་པ། མངོན་པར་འདུ་བྱེད་པ་མེད་པ། མངོན་པར་འདུ་མི་བྱེད་པ། ཆོས་ཉིད། ཆོས་དབྱིངས། བརྗོད་བྲལ། གཉིས་མེད། མཉམ་ཉིད། རྙེད་དོན་མཐར་ཐུག བསྟན་པའི་སྙིང་པོ། སྟོང་ཉིད། མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་རྙེད་དོན། མཐའ་བྲལ། འདུས་མ་བྱས། (གང་གིས་ཀྱང་འདུ་མ་བྱས་པར་གདོད་མ་ནས་ཆོས་རྣམས་ཀྱི་གནས་ལུགས་སུ་གནས་པའི་ཕྱིར་འདུས་མ་བྱས) དེ་ཁོ་ན་ཉིད། དེ་ཉིད། དེ་བཞིན་ཉིད། བདེན་པ། བདེན་སྟོང༌། བདེན་མེད། བདེན་འཛིན་གྱི་ཞེན་ཡུལ་མེད་པ། དོན་དམ་བདེན་པ། དོན་དམ་པའི་བཙུན་མོ། འདུག་ལུགས། འདུག་སྟངས། འདུག་ཚུལ། རྡོ་རྗེ། (རྡོ་རྗེ་ལ་སྟོང་ཉིད་ཅེས་པ་ནི། རྗེའི་འགྲེལ་པ་བཞི་སྦྲགས་ལས། མཉམ་སྦྱོར་ལས། རྡོ་རྗེ་སྟོང་པ་ཉིད་དུ་བརྗོད། །སེམས་དཔའ་ཡེ་ཤེས་ཙམ་ཉིད་དེ། །དེ་དག་བདག་ཉིད་གྲུབ་པ་ནི། རྡོ་རྗེ་སེམས་དཔའ་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར། རྡོ་རྗེ་སྟོང་པ་ཉིད་མཐར་ཐུག་པ་དང༌། སེམས་དཔའ་ཡེ་ཤེས་གཉིས་རོ་གཅིག་ཏུ་ཞུགས་པ་གྲུབ་པ་ལའོ། །ཞེས་གསུངས) སྡོད་ལུགས། ནམ་མཁའ། (ནམ་མཁའ་ཞེས་པ་སྟོང་ཉིད་ཀྱི་མིང་དུ་འཇུག་པའང་ཡོད་དེ། རྗེའི་འགྲེལ་པ་བཞི་སྦྲགས་ལས། ནམ་མཁའ་ནི་དེ་བཞིན་ཉིད་དེ་འོད་གསལ་ལོ། །ཞེས་དང༌། ཀུན་མཁྱེན་འཇམ་དབྱངས་བཞད་པའི་འཇིགས་བྱེད་ཆོས་འབྱུང་ལས་ཀྱང༌། ནམ་མཁའ་ནི་འོད་གསལ་ལ་བླ་མེད་ཀྱི་རྒྱུད་དུ་གྲགས་ཆེ་ཞིང༌། ཞེས་གསུངས) གནས་སྟངས། གནས་ལུགས། རྣམ་དག རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག སྤྲོས་བྲལ། ཕྱག་ཆེན། བློ་འདས། (བློ་འདས་ནི་བོད་སྔ་རབས་པ་རྣམས་ཀྱིས་སྟོང་ཉིད་ཀྱི་མིང་དུ་བཤད) བྷ་ག (རྗེ་བཙུན་ཀུན་དགའ་དོན་གྲུབ་ཀྱི་རྒྱུད་ཊཱིཀ་ལས། ཡང་ཡུལ་སྟོང་པ་ཉིད་དེ་ལ་བྷ་ག་ཞེས་ཀྱང་བརྗོད་དེ། དེ་ལ་དམིགས་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་འཇོམས་པར་བྱེད་པའི་ཕྱིར། ཞེས་གསུངས) དབུ་མ། མ་སྐྱེས་པ། མ་འགག་པ། མ་བཅོས་གཉུག་མའི་གཤིས་ལུགས། མྱ་ངན་ལས་འདས་པ། མྱང་འདས། (ལང་གཤེགས་ཀྱི་མདོ་ལས། སྟོང་ཉིད་དང༌། མཚན་མ་མེད་པ་དང༌། མྱ་ངན་ལས་འདས་པ་ཞེས་སོགས་མྱ་ངན་ལས་འདས་པ་སྟོང་ཉིད་ཀྱི་མིང་གི་རྣམ་གྲངས་སུ་གསུངས) དམིགས་མེད། སྨོན་པ་མེད་པ། སྨྲ་བསམ་བརྗོད་མེད། མཚན་མ་མེད་པ། རྫོགས་ཆེན། ཞི་བ། ཟབ་པ། ཟབ་མོའི་དོན། གཟོད་མ་ནས་ཞི་བ། (གཟོད་མ་ནས་ཞི་བ་ནི་བོད་སྔ་རབས་པ་དག་གིས་སྟོང་ཉིད་ཀྱི་མིང་དུ་བཤད) འོད་གསལ། ཡང་དག ཡང་དག་མཐའ། ཡིན་ལུགས། ཡེ་འབྱམས། (ཡེ་བྱམས་ནི་བོད་སྔ་མ་དག་གིས་སྟོང་ཉིད་ཀྱི་མིང་དུ་བཤད) ཡོངས་གྲུབ། ཡོད་ལུགས། རང་སྟོང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ། རང་བཞིན་རྣམ་དག རང་བཞིན་མེད་པ། རང་བཞིན་མྱང་འདས། རང་བཞིན་ཤེར་ཕྱིན། གཤིས་ལུགས། སེམས་ཀྱི་རྡོ་རྗེ། (སེམས་ཀྱི་རྡོ་རྗེ་ནི་སྔགས་ལུགས་ཀྱི་སྟོང་ཉིད་ཀྱི་མིང་གི་རྣམ་གྲངས་ཤིག) གསང་བ། ཨ་མ། ཨ་ཧཾ། (ཨ་ཧཾ་ནི་སྟོང་ཉིད་ཀྱི་མིང་གི་རྣམས་གྲངས་སུ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གཞན་སྟོང་གི་ལྟ་ཁྲིད་ཤོག་གྲངས་༦རྒྱབ་ན་གསལ) ༼དཔལ་བཀའ་བརྒྱུད་པའི་སྟོང་ཉིད་ཀྱི་མིང་གི་རྣམ་གྲངས་འགའ་ཞིག༽ ཀུན་ཏུ་བཟང་པོ། ཀུན་ཏུ་བཟང་པོའི་སེམས། ཀུན་གཞིའི་ཡེ་ཤེས། མཁའ་ཁྱབ་ནམ་མཁའི་རྡོ་རྗེ། རྒྱུད་རྒྱུད། རྒྱུ་རྡོ་རྗེ་འཛིན་པ། ཆོས་ཀྱི་སྐུ། ཆོས་སྐུ་ཀུན་ཏུ་བཟང་པོ། ཆོས་ཉིད་ཀྱི་སེམས། མཆོག་ཏུ་མི་འགྱུར་བའི་བདེ་བ། གཉུག་མའི་ཡེ་ཤེས། ཐ་མལ་གྱི་ཤེས་པ། དང་པོའི་སངས་རྒྱས། བདག་གི་དེ་ཁོ་ན་ཉིད། བདེ་སྟོང་དབྱེར་མེད། བདེ་བ་ཆེན་པོ། གདོད་མའི་མགོན་པོ། གདོད་མའི་བྱང་ཆུབ་ཆེན་པོ། གདོད་མའི་མི་ཤིགས་པའི་ཐིག་ལེ་ཆེན་པོ། གདོད་མའི་སངས་རྒྱས། ནཱ་ད། ནང་གི་རིག་པ། རྣམ་ཀུན་མཆོག་ལྡན། སྣང་སྟོང་དབྱེར་མེད། རྣམ་གྲོལ་ཆེན་པོ། རྣམ་པ་ཐམས་ཅད་པ། དབང་པོ་ཐམས་ཅད་པ། བྱང་ཆུབ་ཀྱི་སེམས། ཕྱག་རྒྱ་ཆེན་པོ། གཞན་སྟོང༌། གཞིའི་ལྷན་སྐྱེས། གཞོམ་མེད་ཀྱི་ཧཾ་དང་ཐིག་ལེ། ཡིད་བྱེད་བྲལ་བ། ཡིད་བཞིན་ནོར་འདྲའི་སེམས། ཡེ་ཤེས་ཀྱི་རྩ་དང་རླུང༌། རིག་སྟོང་དབྱེར་མེད། རང་རིག རང་རིག་པ། རང་གིས་རང་རིག རང་བྱུང་ཡེ་ཤེས། རང་རིག་ཡེ་ཤེས། སེམས་ཉིད། སེམས་ཉིད་ལྷན་ཅིག་སྐྱེས་པ། གསལ་སྟོང་དབྱེར་མེད། ལྷན་སྐྱེས་ཡེ་ཤེས། ལྷན་ཅིག་སྐྱེས་པ། ཨེ་ཝཾ། ཨེ་ཝཾ་ཟུང་འཇུག་སོགས་བརྗོད་ཀྱིས་མི་ལང་བ་ཞིག་ཡོད་དོ། །གོང་གི་དེ་དག་ལས་བཀའ་རྙིང་ཐུན་མོང་བའི་ཐ་སྙད་ཀྱང་མང་དུ་སྣང༌། སྟོང་ཉིད་ཀྱི་སྒྲ་བཤད་ནི། དགག་བྱ་བདེན་གྲུབ་ཀྱིས་སྟོང་ཞིང་། རང་གི་གདོད་མའི་ངོ་བོ་ཇི་ལྟ་བ་ཁོ་ནར་གནས་པས་ན་ཉིད་ཅེས་བྱ་སྟེ། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དམིགས་བརྩེ་མའི་ལས་ཚོགས་བཅུ་གཅིག་གི་དོན་ཞིབ་ཏུ་བཤད་པ་ཤོག་གྲངས་༥ན༦ལས། སྟོང་པ་ཉིད་ཅེས་པའི་སྟོང་པ་དང་ཉིད་ཀྱི་ཚིག་ལ་བརྟགས་ན། སྟོང་རྒྱུ་ནི་མི་མཐུན་ཕྱོགས་དང་དགག་བྱ་སྟོང་ཞིང་། དེ་ངོ་བོ་ཉིད་ལ་གནས་པས་ན་སྟོང་ཉིད་ཅེས་བྱ་ལ། ཞེས་གསུངས་སོ། །ཡང་ན། སྟོང་པ་ནི་མེད་པའམ་དབེན་པའི་དོན་ཡིན་ལ། གང་མེད་ན། ཆོས་དང་གང་ཟག་གི་བདག་གཉིས་སོ། །ཉིད་ནི་ཁོ་ནའམ་ཙམ་ཞེས་པའི་དོན་ཏེ། བདག་གཉིས་བཀག་ཙམ་མམ་མེད་ཙམ་ཞེས་པའི་དོན་ནོ། །སྤྱིར་སྟོང་པ་ཞེས་པ་མིན་པ་ལའང་འཇུག་སྟེ། དཔེར་ན་བུམ་མིན་པ་ལ་བུམ་པས་སྟོང་ཞེས་པ་ལྟ་བུའོ། །ཟབ་མོ་སྟོང་པ་ཉིད་ལ་མོས་པའི་ཕན་ཡོན་སྐོར། མཁས་གྲུབ་ཐམས་ཅད་མཁྱེན་པའི་སྟོང་ཐུན་སྐལ་བཟང་མིག་འབྱེད་༦ན༦ན་རྒྱས་པར་གསུངས་ཡོད་པས་དེར་བལྟ་བར་བྱའོ། །