From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི
|
Tibetan Definition
|
(ཕར་ཕྱིན) གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་གང་ཞེ་ན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དང་བཞིའོ། །དེ་དག་གོ་དོན་གང་ཡིན་ནམ་སྙམ་ན། ལོ་ཙཱ་བ་དཔལ་བརྩེགས་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་ཞེས་བྱ་བ། སྡེ་དགེ་བསྟན་འགྱུར་༼ ཇོ་པ ༽༢༥༤བ༥ ལས། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཞེས་བྱ་བ་ནི་གཟུགས་མེད་པའི་ཁམས་སུ་མིང་བཞི་པོ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་བཞིར་དབང་དུ་གནས་བཞིར་རྩེ་གཅིག་ཏུ་འཇུག་པ་སྟེ། དེ་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི། ཆོས་ཐམས་ཅད་སོ་སོར་བཤིག་ན་དངོས་པོ་མེད་དེ། ནམ་མཁའ་ཙམ་དུ་ཟད་ལ། ནམ་མཁའ་དེ་ཡང་མཐའ་ཡས་སོ་སྙམ་དུ་སེམས་པ་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཅེས་བྱ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི་ཆོས་ཐམས་ཅད་ནམ་མཁའ་ཙམ་དུ་ཟད་ལ། ནམ་མཁའ་དེ་ཡང་མཐའ་ཡས་སྙམ་དུ་དམིགས་པའི་འདུ་ཤེས་དང་འགྲོགས་པའི་རྣམ་པར་ཤེས་པ་དེ་ཡང་ནམ་མཁའ་བཞིན་དུ་མཐའ་ཡས་སོ་སྙམ་དུ་མོས་པའི་ཏིང་ངེ་འཛིན་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཅེས་བྱ། ཅི་ཡང་མེད་པའི་སྐྱེ་མཆེད་ནི་རྣམ་ཤེས་མཐའ་ཡས་སྐྱེད་མཆེད་ལས་ལངས་ནས་རྣམ་པར་ཤེས་པ་ལས་ཕ་རོལ་ན་དམིགས་པར་བྱ་བ་ཅི་ཡོད་ཅེས་བརྟགས་ན་གཟུགས་ཅན་དང་གཟུགས་མེད་པའི་ཆོས་ཅུང་ཟད་ཀྱང་ཡོད་པར་མ་མཐོང་ནས་ཅི་ཡང་མེད་དོ་སྙམ་དུ་མོས་ཤིང་སྙོམས་པར་ཞུགས་པ་ནི། ཅི་ཡང་མེད་པའི་སྐྱེ་མཆེད་ཅེས་བྱ། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ལངས་ནས་འདུ་ཤེས་འདི་ནི། ནད་དང་ཤུ་བ་དང་ཟུག་རྔུ་ལྟ་བུའོ་ཞེས་བརྟགས་ཏེ་འདུ་ཤེས་པ་བཀག་ནས་ཇེ་ཕྲ་ཇེ་ཕྲར་གྱུར་པ་དང་། འདུ་ཤེས་འདི་གཏན་མེད་ན་ཡང་རྨོངས་པར་གྱུར་ཏེ་མི་རུང་ངོ་སྙམ་ནས་འདུ་ཤེས་ཤིན་ཏུ་ཕྲ་བ་ལ་གནས་ཏེ་སྙོམས་པར་ཞུགས་པ་ནི་འདུ་ཤེས་རགས་པ་ཡོད་པ་མ་ཡིན་ལ་གཏན་མེད་པ་ཡང་མ་ཡིན་པས། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ཅེས་བྱའོ། །ཞེས་གསུངས་སོ། །
|