12497

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོང་པ་ཁས་ལེན་བྲལ་བའི་གོ་བ
Tibetan Definition (དབུ་མ) རང་གི་ངོ་བོས་གྲུབ་པའི་ཆོས་རྡུལ་ཙམ་ཡང་ཁས་ལེན་བྲལ་བའི་དོན་ལ་ངེས་ཤེས་རྙེད་པའི་གོ་བ། ཞེས་རྒྱལ་མཆོག་ལྔ་པ་ཆེན་པོའི་ལམ་གཙོའི་འགྲེལ་པ་༣བ༣ལས་གསུངས། པཎ་ཆེན་སྐུ་འཕྲེང་གཉིས་པ་བློ་བཟང་ཡེ་ཤེས་ཀྱི་ལམ་གཙོའི་འགྲེལ་པ་༤༩བ༦ལས། དོན་དམ་ལ་དཔྱོད་པའི་རིགས་པ་ཡང་དག་གིས་བཏགས་དོན་བཙལ་བའི་ཚེ་རྙེད་རྒྱུའི་རང་བཞིན་རྡུལ་ཙམ་ཡང་བློ་ཡུལ་དུ་བཞག་ཏུ་མེད་ཅིང་། ངག་ཏུ་བདེན་གྲུབ་ཀྱི་ཁས་ལེན་དང་བྲལ་བའི་གོ་བ། ཞེས་གསུངས་སོ། །རྗེའི་ལམ་གཙོ་རྣམ་གསུམ་ལས། སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང༌། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ཅེས་གསུངས་པ་ལྟར་རོ། །ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ལམ་གཙོའི་འགྲེལ་པ་ལས། སྐབས་འདིར་སྟོང་པ་ཁས་ལེན་དང་བྲལ་བའི་གོ་བ་ཞེས་པ་སྤྱིར་ཡིན་མིན་དང་ཡོད་མེད་སོགས་ཀྱི་ཁས་ལེན་མེད་པ་ལ་མི་ཟེར་གྱི། རིགས་ཤེས་ཀྱིས་བཏགས་དོན་བཙལ་བའི་ཚེ་ཀུན་རྫོབ་གང་ཡང་ཁས་ལེན་དང་བྲལ་བ་ལ་བྱེད་པ་ཡིན་ཏེ། རྗེ་བཙུན་རེད་མདའ་བའི་ཞལ་ནས། ཐལ་འགྱུར་བ་ལ་ཁས་ལེན་གང་ཡང་མེད་ཟེར་བའི་དོན་གནས་ལུགས་ལ་དཔྱོད་པའི་ཚེ་ལྐུགས་པ་བཞིན་དུ་ཅི་ཡང་མི་སྨྲ་བར་སྡོད་པ་ཡང་མིན་གྱི། གནས་ལུགས་ངེས་པའི་ཚེ་རིགས་ངོ་དེར་ཀུན་རྫོབ་གང་ཡང་ཁས་ལེན་རྒྱུ་མེད་པ་ལ་ཟེར་གསུངས་ཞེས་སོགས་ལེགས་བཤད་སྙིང་པོ་ལས་འབྱུང་། ཞེས་གསུངས་སོ། །