12501

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོང་པ་བཞི
Tibetan Definition <སྔགས> སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཞི་སྟེ། སྣང་བ་དཀར་ལམ་པ། མཆེད་པ་དམར་ལམ་པ། ཉེར་ཐོབ་ནག་ལམ་པ། འོད་གསལ་དང་བཞི་ལ་ཟེར། ཡང་ན། ༡ སྟོང་པ། (ཀུན་རྟོག་བརྒྱད་ཅུའི་རླུང་དང་བཅས་ས་སྟོང་པས་སྟོང་པ་ཞེས་བྱ) ༢ ཤིན་ཏུ་སྟོང་པ། (སྣང་བ་རླུང་དང་བཅས་པས་སྟོང་པས་ཤིན་ཏུ་སྟོང་པ) ༣ སྟོང་པ་ཆེན་པོ། (མཆེད་པ་རླུང་དང་བཅས་པས་སྟོང་པས་སྟོང་པ་ཆེན་པོ) ༤ ཐམས་ཅད་སྟོང་པ་དང་བཞིའོ། །རྗེའི་རིམ་ལྔ་གསལ་སྒྲོན་ལྟར་བཀོད། སྔགས་ཀྱི་སྐབས་སྟོང་པ་ཞེས་པ་མདོ་ལུགས་ལྟར་ཡུལ་གཅིག་པུ་ལ་གོ་རྒྱུ་མིན་པར་ཡུལ་ཅན་ཤེས་པ་ལའང་གོ་བར་བྱའོ། །སྟོང་པ་དང༌། ཤིན་ཏུ་སྟོང་པ། སྟོང་པ་ཆེན་པོ། ཐམས་ཅད་སྟོང་པ་བཅས་ཀྱི་གོ་རིམ་ནི། རིམ་ལྔ་ལས། སྟོང་ཉིད་ཤིན་ཏུ་སྟོང་པ་དང༌། །གསུམ་པ་སྟོང་པ་ཆེན་པོ་དང༌། །བཞི་པ་ཐམས་ཅད་སྟོང་པ་ནི། །རྒྱུ་དང་འབྲས་བུའི་བྱེ་བྲག་གོ། ཞེས་གསུངས་པ་ལྟར་རོ། །གཞུང་མང་པོར། ཤིན་ཏུ་སྟོང་པ་དང་སྟོང་པ་ཆེན་པོ་གཉིས་གོ་རིམ་ལྡོག་སྟེ་འབྱུང་བས་འདིར་མ་ནོར་བར་གཞུང་གི་ཁུངས་དང་བཅས་ཏེ་བཀོད་ཡོད་དོ། །