12535

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོན་པའི་གཏད་རབས་བདུན
Tibetan Definition (འདུལ་བ) ༡ འོད་སྲུང་། (ཀཱ་ཤྱ་པ) Kãs’yapa ༢ ཀུན་དགའ་བོ། (ཨཱ་ནནྡ) Ananda ༣ ཤ་ནའི་གོས་ཅན། (ཤ་ན་བསྟྲི) Sanavastri ༤ ཉེར་སྦས། (ཨུ་པ་གུཔྟ) Upagupta ༥ དྷི་དྷི་ཀ། (དྷི་དྷི་ཀ) Dhitika ༦ ནག་པོ། (ཀྲྀཥྞ) Krishna (ནག་པོ་ཞེས་པའི་མཚན་ཐོགས་ཚུལ་ནི། རྒྱ་གར་ཤར་ཕྱོགས་ཨངྒ་ཞེས་བྱ་བར་ཁྱིམ་བདག་ཕྱུག་པོ་ལོངས་སྤྱོད་ཤིན་ཏུ་ཆེ་བ་ཞིག་ཡོད་ལ། དེའི་ཁྱིམ་ན་རང་གི་ལས་ཀྱི་མཐུ་ལས་བྱུང་བའི་ལྗོན་ཤིང་འབྲས་བུ་རིན་པོ་ཆེར་ལྷུང་བ་ཞིག་ཡོད་དོ། །འོན་ཀྱང་དེ་ལ་བུ་མེད་པས་ལྷ་ཆེན་པོ་ཁྱབ་འཇུག་ནག་པོའི་གཟུགས་ཅན་ལ་ཡང་ནས་ཡང་དུ་མཆོད་པ་བྱེད་པ་ལས་ནམ་ཞིག་ན་ཁྱིའུ་ཞིག་བཙས་པས་མིང་ནག་པོར་བཏགས་སོ། །ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལ་གཞི་བྱས) ༧ ལེགས་མཐོང་ཆེན་པོ་ (མཧཱ་སུ་དརྴ་ན) Maha Sudars’ana སྟེ་བདུན་ནོ། །དེ་ཡང་ཐུབ་པ་ཆེན་པོས་འོད་སྲུང་ལ་བསྟན་པ་གཏད། དེས་འཕགས་པ་ཀུན་དགའ་བོ་ལ། དེས་ཤ་ནའི་གོས་ཅན་ལ། དེས་ཉེར་སྦས་ལ། དྷི་དྷི་ཀ་ལ། དེས་ནག་པོ་ལ། དེས་ལེགས་མཐོང་ཆེན་པོ་ལ་བསྟན་པ་གཏད་པར་ལུང་ཕྲན་ཚེགས་ལས་འབྱུང་བ་ཡིན་ནོ། །ཞེས་དེབ་སྔོན་སྟོད་ཆ་༤༤ན་གསལ་ལོ། །དེར་བཤད་ཚུལ་གཞན་ཞིག་ཀྱང་བཀོད་ཡོད་པས་དེར་གཟིགས། དེ་ལ་ཁ་ཆེ་བ་རྣམས་ནི་ཉི་མ་གུང་པ་ཡང་སྟོན་པའི་གཏད་རབས་ལ་ངེས་པར་བགྲང་དགོས་ཏེ། ཡུལ་དབུས་སུ་ཉི་མ་གུང་པས་ལོ་བཅོ་ལྔར་བསྟན་པ་བསྐྱངས་པ་དེའི་ཚེ་འཕགས་པ་ཤ་ནའི་གོས་ཅན་སློབ་མ་ཉུང་ངུར་གནས་སོ། །ཉི་མ་གུང་པ་ཁ་ཆེར་གཤེགས་པ་ནས་ཤ་ནའི་གོས་ཅན་གྱིས་བསྟན་པ་བསྐྱངས་པ་ཡིན་པས་སྟོན་པའི་གཏད་རབས་བརྒྱད་ཡིན་ནོ་ཞེས་ཟེར་ལ། གཞན་རྣམས་ནི་ཉི་མ་གུང་པ་ཁ་ཆེ་འདུལ་བར་སྟོན་པས་ལུང་བསྟན་ཅིང་། ཀུན་དགའ་བོས་བཀའ་བསྒོས་པ་ཡིན་ལ། ཀུན་དགའ་བོས་བསྟན་པ་གཏད་པ་ནི་ཤ་ནའི་གོས་ཅན་ཁོ་ན་ཡིན་པས། གཏད་རབས་ནི་བདུན་ཁོ་ནའོ་ཟེར་ཏེ་བོད་རྣམས་ཀྱང་དེའི་རྗེས་སུ་འབྲང་ངོ་། །ཞེས་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ན་གསལ་བ་ལྟར་རོ། །ཉི་མ་གུང་པའི་སྐོར། འདུལ་བ་ལུང་ཕྲན་ཚེགས་གླེགས་བམ་གཉིས་པ་༣༢༢ན༤ན་གསལ་ལོ། །སྟོན་པས་བསྟན་པ་གཏད་པ་ན་མི་ཁོ་ན་ལ་བཏད་པ་མིན་གྱི་ལྷ་ལའང་བཏད་དེ། དེའི་ཚུལ་ནི། ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་ལ་ཁྱེད་ཅག་གིས་སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག་ཅེས་བསྟན་པ་གཉེར་དུ་བཏད་དོ། །དེའི་སྐོར་མདོ་སྡེ་ལས་བརྒྱ་པ་ (ཀརྨ་ཤཏཀ) མདོ་༼ ཧ་པ ༽༢༦༧ན༡ལས་གསུངས་སོ། །སྒྲ་བཤད་ནི། སྟོན་པའི་གཏད་རབས་ཞེས་པ་གོ་བདེ་བར་བཤད་ན། སྟོན་པས་རང་གི་བསྟན་པ་གང་ལ་གཏད་སའི་རྒྱུད་པ་ལ་ཟེར་རོ། །སྟོན་པའི་གཏད་རབས་བདུན་པོ་རྣམས་བློ་ལ་ངེས་པའི་ཕྱིར་སྡོམ་དུ་བསྡུ་ན། བྱ་སྡོམ་ལས། འོད་སྲུང་ཀུན་དགའ་ཤ་ནའི་གོས་ཉེར་སྦས། །དྷི་དྷི་ནག་པོ་ཆེན་པོ་ལེགས་མཐོང་བདུན། །ཞེས་གསུངས། འགའ་ཞིག་གིས་བསྟན་པའི་གཏད་རབསཞེས་ཀྱང་འབྲི་བར་བྱེད་ཀྱང་། སྟོན་པའི་གཏད་རབས་ཞེས་བྲིས་ན་ཅུང་ལེགས་པར་སྣང་ངོ་། །འཕགས་པ་འོད་སྲུང་ཆེན་པོས་ཀུན་དགའ་བོ་ལ་བསྟན་པ་སོགས་སྟོན་པའི་གཏད་རབས་བདུན་གྱི་སྐོར། འདུལ་བ་ལུང་ཕྲན་ཚེགས་གླེགས་བམ་གཉིས་པ་༼ ད ༽པ་༣༡༦བ༤ སོགས་ན་གསལ་ལོ། །བསྟན་པའི་གཏད་རབས་ཞེས་པའི་ཐད་དུ་གཟིགས།