12548

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོབས་ལྔ
Tibetan Definition 2 བློ་སྦྱོང་གི་སྐབས་སུ་གསུངས་པའི་སྟོབས་ལྔ་ནི། འཕེན་པའི་སྟོབས། དཀར་པོ་ས་བོན་གྱི་སྟོབས། སུན་འབྱིན་པའི་སྟོབས། སྨོན་ལམ་གྱི་སྟོབས། གོམས་པའི་སྟོབས་དང་ལྔའོ། །དང་པོ་འཕེན་པའི་སྟོབས་ནི། ཉོན་མོངས་ཀྱི་དབང་དུ་སྐད་ཅིག་ཀྱང་མ་སོང་བ་བྱ་སྙམ་པའི་འཕེན་པ་དྲག་པོ་བཏང་བ་དང༌། བྱང་ཆུབ་ཀྱི་སེམས་གོམས་པར་བྱའོ། །བྱང་ཆུབ་ཀྱི་སེམས་དང་ཡེ་མ་བྲལ་བར་བྱའོ་སྙམ་པའི་འཕེན་པ་དྲག་པོ་གཏོང་བ་ལ་ཟེར། གཉིས་པ་དཀར་པོ་ས་བོན་གྱི་སྟོབས་ནི། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་སྐྱེ་བ་དང༌། སྐྱེས་པ་གནས་པ། གནས་པ་གོང་ནས་གོང་དུ་འཕེལ་བའི་རྒྱུར་སྦྱིན་སོགས་དཀར་པོའི་ཆོས་ལ་བརྩོན་པ་ལ་ཟེར། གསུམ་པ་སུན་འབྱིན་པའི་སྟོབས་ནི། ཉོན་མོངས་ཀྱི་ཉེས་དམིགས་དྲན་པར་བྱས་ནས་དུས་ནམ་དུའང་དེ་དག་གི་དབང་དུ་མི་འགྲོ་བར་གོ་བགོ་བ་ལ་ཟེར། བཞི་པ་སྨོན་ལམ་གྱི་སྟོབས་ནི། གནས་སྐབས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ཞིང༌། བདག་འཛིན་སོགས་ཉོན་མོངས་ཀྱི་དབང་དུ་མི་འགྲོ་བའི་སྨོན་ལམ་དྲག་ཏུ་གདབ་པ་ལ་ཟེར། མདོར་ན་རང་གཞན་གྱི་དགེ་རྩ་ཐམས་ཅད་བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་སྐྱེ་བ་དང༌། སྐྱེས་པ་གནས་པ། གནས་པ་གོང་ནས་གོང་དུ་འཕེལ་བའི་རྒྱུར་བསྔོ་བ་ལ་ཟེར། ལྔ་པ་གོམས་པའི་སྟོབས་ནི། དུས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་གོམས་པ་དང་མ་བྲལ་བ་ལ་ཟེར།