1257

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུང་རྣམ
Tibetan Definition (ཕར་ཕྱིན) 1 ཤེས་པ་དེ་ལ་ཡུལ་གྱི་རྣམ་པ་ཤར་བའི་ཆ་ལ་ཟེར། ཤེས་པ་དེའི་གཟུང་རྣམ་ཞེས་པ་ཤེས་པ་དེ་ཉིད་ལ་ཟེར། དེ་ལ་གཟུང་རྣམ་བརྗོད་པའི་རྒྱུ་མཚན་ནི། རང་རིག་གི་གཟུང་ཡུལ་ཡིན་པའི་རྒྱུ་མཚན་གྱིས་ཡིན། མཁས་གྲུབ་རིན་པོ་ཆེའི་སྡེ་བདུན་ཡིད་ཀྱི་མུན་སེལ་ལས། གཟུགས་འཛིན་མིག་ཤེས་ལྟ་བུ་ལ་ཡང་ཕྱི་རོལ་གཟུགས་ཀྱི་རྣམ་པ་ཤར་བའི་ཆ་དང༌། རང་གི་ངོ་བོ་མྱོང་བ་གསལ་རིག་གི་ཆ་གཉིས་ཡོད་པ་ཡིན་ལ། དང་པོ་ནི། མིག་ཤེས་ཀྱི་གཟུང་རྣམ་ཞེས་བྱ་ཞིང༌། དེ་དང་གཟུགས་འཛིན་མིག་ཤེས་དང༌། གཟུགས་འཛིན་མིག་ཤེས་ལ་ཤར་བའི་གཟུགས་ཀྱི་རྣམ་པ་ཞེས་པ་རྣམས་ཁྱད་པར་མེད་པས། མིག་ཤེས་ཀྱི་གཟུང་རྣམ་ནི་མིག་ཤེས་ཉིད་ཡིན་ལ། མིག་ཤེས་ལ་ཤར་བའི་རྣམ་པ་ཞེས་པའི་དོན། རང་རྒྱུ་ལས་རང་ཉིད་ཡུལ་གྱི་རྣམ་པར་སྐྱེས་པ་ལ་བྱའི། རང་ལས་གཞན་པའི་རྣམ་པ་འཆར་རྒྱུ་ཡོད་པ་མ་ཡིན་ནོ། །གཉིས་པ་མིག་ཤེས་ཀྱི་མྱོང་བ་གསལ་རིག་གི་ཆ་ལ། མིག་ཤེས་ཀྱི་འཛིན་རྣམ་ཞེས་བྱ་ཞིང༌། དེ་དང་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཁྱད་པར་མེད་དོ། །མིག་ཤེས་གཟུང་རྣམ་མིག་ཤེས་ཉིད་ཡིན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། བཤད་པར་བྱ་སྟེ། འདི་ལྟར་མིག་ཤེས་ཀྱི་གཟུང་རྣམ་མིག་ཤེས་མ་ཡིན་ན། འོས་གཞན་མེད་པས་མིག་ཤེས་ཀྱི་ཡུལ་ཡིན་པར་འདོད་དགོས་ནའང༌། དེ་མི་འཐད་དེ། མིག་ཤེས་ཆོས་ཅན། ཁྱོད་རང་རིག་མངོན་སུམ་ཡིན་པར་ཐལ། ཁྱོད་རང་གི་བདག་ཉིད་དུ་གྱུར་པའི་ཡུལ་རིག་པའི་མངོན་སུམ་ཡིན་པའི་ཕྱིར། གཞན་ཡང༌། ཁྱོད་དེ་ལ་རང་རིག་མངོན་སུམ་ཡིན་པར་ཐལ། ཁྱོད་དེ་ལ་མངོན་སུམ་ཡིན་པ་གང་ཞིག ཁྱོད་དེ་ལ་གཞན་རིག་མངོན་སུམ་མ་ཡིན་པའི་ཕྱིར། གཞན་རིག་མངོན་སུམ་ཡིན་ནོ་ཞེ་ན། མིག་ཤེས་ཆོས་ཅན། ཁྱོད་ལ་རང་གི་གཟུང་རྣམ་གྱི་རྣམ་པ་ཤར་བར་ཐལ། ཁྱོད་རང་གི་གཟུང་རྣམ་ལ་གཞན་རིག་མངོན་སུམ་ཡིན་པའི་ཕྱིར། འདོད་ན། ཁྱོད་ལ་རང་གི་གཟུང་རྣམ་གྱི་རྣམ་པ་དེའི་རྣམ་པ་ཡང་ཤར་བར་ཐལ་བས། རྣམ་པ་ཐུག་མེད་དུ་ཐལ་ལོ། །ཞེས་སོགས་དང༌། ཡང་དེའི་གོང་དུ། ཁ་ཅིག ཚད་མ་དེ་དག་གི་འཇུག་ཡུལ་ནི། ཚད་མ་རང་རང་གི་གཟུང་རྣམ་ལ་འདོད་དོ། །དེ་ཡང་མི་འཐད་དེ། ཤེས་པ་རྣམས་ཀྱི་གཟུང་རྣམ་ནི་ཤེས་པ་རང་རང་ཁོ་ན་ཡིན་པས་རང་ཉིད་རང་གི་འཇུག་ཡུལ་དུ་ཐལ་བའི་སྐྱོན་འབྱུང་བ་ཡིན་ལ། རང་གི་གཟུང་རྣམ་རང་གི་ཡུལ་དུ་འདོད་པའི་ལུགས་ངན་འདི་འོག་ཏུ་དགག་པར་བྱའོ། །ཞེས་སོགས་རྒྱས་པར་གསུངས་སོ། །གཞན་ཡང༌། རྒྱལ་ཚབ་ཆོས་རྗེའི་ཚད་མའི་བརྗེད་བྱང་ལས། ཡང་རྟོག་པ་ལ་གཟུང་རྣམ་ཕྱི་རོལ་ལྟ་བུར་སྣང་བ་ཡང་མ་ཡིན་ཏེ། རྟོག་པ་གཟུང་རྣམ་རྟོག་པ་ཡིན་པས་དེ་ལ་ཡང་གཟུང་རྣམ་གཞན་ཞིག་ཕྱི་རོལ་ལྟ་བུར་སྣང་དགོས་པས་ཐུག་པ་མེད་པར་འགྱུར་བ་དང༌། རྟོག་པ་རང་ཉིད་ཀྱང་གཟུང་རྣམ་ཡིན་ཞིང༌། རང་ཉིད་ལ་རང་ཉིད་ཕྱི་རོལ་ལྟ་བུར་སྣང་བ་ཡང་མི་སྲིད་དོ། །ཞེས་སོགས་གསུངས་སོ། །རྗེ་དགེ་འདུན་གྲུབ་པའི་ཚད་མ་རིགས་རྒྱན་ལས་ཀྱང་དེ་བཞིན་དུ་གསུངས་སོ། །འདི་སྔགས་ཀྱི་སྐབས་སུ་གཟུང་རྣམ་ལྷར་ཤར་བ་ཞེས་པ་དང་མཐུན་ནོ། །2 ཡུལ་རྣམ། ཡུལ་གྱི་རྣམ་པ། རྣམ་པ། ཡུལ་སྣང༌། སྣང་བ། རྗེའི་རིམ་ལྔ་གསལ་སྒྲོན་ལས། དཔེའི་འོད་གསལ་གྱི་སྐབས་སུ་དེའི་ངོར་ནམ་མཁའ་གཡའ་དག་ལྟ་བུའི་གཟུང་རྣམ་འཆར་གྱི། དོན་གྱི་འོད་གསལ་གྱི་སྐབས་སུ་ནི་གཉིས་སྣང་ཕྲ་མོ་ཡང་ནུབ་ནས་སྤྲོས་པའི་དྲི་མ་མེད་པ་ལ་ནམ་མཁའ་དཔེར་བླངས་ཀྱི། རྣམ་པ་དེ་འདྲ་བ་ཞིག་འཆར་བ་མིན་ནོ། །