From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| གཟུངས
|
| Tibetan Definition
|
(ཕར་ཕྱིན) <དྷཱ་རི་ཎི> 1 དྷཱ་རི་ཎི་ཞེས་བྱ་བ་འཛིན་པའི་དོན་ཡིན་པས། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཆོས་གསུང་རབ་ཀྱི་ཚིག་དོན་མི་བརྗེད་པར་འཛིན་ནུས་པའི་དྲན་པ་ལ་ཟེར། གཟུངས་ཀྱི་སྐོར་འགའ་ཞིག་འོག་ཏུ་གཟུངས་དང་སྤོབས་པ་ཞེས་པའི་ཐད་དུ་གཟིགས། འདི་ཡོངས་གྲགས་ཀྱི་གཟུངས་ཀྱི་གོ་དོན་ཡིན། སྤྱིར་བཏང་གཞུང་ཆེན་མོའི་ནང༌། གཟུངས་ཀྱི་ངོ་བོ་ནི། ཞི་གནས་དང་མཚུངས་ལྡན་གྱི་དྲན་པ་དང་ཤེས་རབ་ལ་བཤད་ཅིང༌། དེ་ལ་དབྱེ་ན། ༡ བཟོད་པའི་གཟུངས། སྟོང་ཉིད་ལ་མི་སྐྲག་པའི་ཏིང་ངེ་འཛིན་དང་ཤེས་རབ། སྦྱོར་ལམ་བཟོད་པ་ནས་ཐོབ་པར་བཤད། ༢ གསང་སྔགས་ཀྱི་གཟུངས། སྟོང་ཉིད་ལ་མི་སྐྲག་པའི་བཟོད་པ་ཐོབ་པའི་སྟོབས་ཀྱིས་གཞན་ཕྱི་ནང་གི་གནོད་པ་ལས་སྐྱོབ་པར་ནུས་པའི་གསང་སྔགས་ཀྱི་གཟུངས། སྦྱོར་ལམ་བཟོད་པ་དང་ལྷག་པར་མཐོང་ལམ་ནས་ཐོབ་པར་བཤད། ༣ ཚིག་གི་གཟུངས། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཆོས་གསུང་རབ་ཀྱི་ཚིག་བསྐལ་པའི་བར་དུ་ཡང་མི་བརྗེད་པར་འཛིན་ནུས་པའི་དྲན་པ་ལ་ཟེར། ༤ དོན་གྱི་གཟུངས། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཆོས་གསུང་རབ་ཀྱི་དོན་བསྐལ་པའི་བར་དུ་ཡང་མི་བརྗེད་པར་འཛིན་ནུས་པའི་དྲན་པ་ལ་ཟེར། གཟུངས་ནི་གཟུང་བ་དང་འཛིན་པའི་དོན་དང༌། གཟུངས་ཞེས་ས་མཐའི་ཡང་འཇུག་ཡོད་པ་ནི། གཟུང་ཞེས་པའི་བྱ་ཚིག་དང་ནོར་བ་སྤང་བར་བྱ་བའི་ཕྱིར་རམ། ཡང་ན་བརྡ་གསར་རྙིང་གི་ཁྱད་པར་ཡིན་ནམ་སྙམ་སྟེ། དཔེར་ན་འདུལ་བ་ལུང་སོགས་བཀའ་བསྟན་མང་པོར། སྟོད་རིང་ལ་སྟོད་རིངས་དང༌། བཞིན་བཟང་ལ་བཞིན་བཟངས། ལག་གཟུང་ལ་ལག་གཟུངས། ཆང་གཟུང་ལ་ཆང་གཟུངས་ཞེས་ས་མཐའ་ཅན་མང་དུ་སྣང་བ་བཞིན་ནོ། །སྡེ་དགེ་བསྟན་འགྱུར་སྣ་ཚོགས་༼ ཇོ་པ ༽༢༥༧ན༧ནའང་དེ་སྐོར་གསལ་ལོ། །2 སྔགས་ཡོད་པའི་བྱ་རྒྱུད་དུ་གཏོགས་པའི་རྒྱུད་ལ། གཟུངས་ཞེས་བཤད་དོ། །དེ་ཡང་བཅོམ་ལྡན་རིག་རལ་གྱི་«བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད»༢༢ན༥ ལས། གཟུངས་ཀྱི་མིང་ཅན་གྱི་མདོ་དང་། མདོའི་མིང་ཅན་གྱི་གཟུངས་གཉིས་ཀྱི་མིང་ལ་འཁྲུལ་ནས་རིན་པོ་ཆེ་ཏོག་གི་གཟུངས་དང་། གསེར་འོད་དམ་པ་དང་། ཟ་མ་ཏོག་བཀོད་པ་ལ་སོགས་པ་སྔགས་ཡོད་པའི་མདོ་དུ་མ་ཞིག་གཟུངས་སུ་བཅུག་སྣང་སྟེ་སྔགས་ཡོད་པ་ཙམ་གྱིས་གཟུངས་སུ་མི་འགྱུར་གྱི་དེ་ལ་བྱ་བའི་རྒྱུད་ཡིན་པ་དགོས་སོ། །སྔོན་གྱི་ལོ་པཎ་མཁས་པ་རྣམས་ཀྱིས་ཕྱེ་བ་ནི་སྔར་བྲིས་པ་ཁོ་ན་ལྟར་ཡིན་པས་དེ་བཞིན་དུ་གཟུང་ངོ་། །ཞེས་གསུངས་སོ། །
|