12600

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡེ་སྣོད་གསུམ
Tibetan Definition (ཕར་ཕྱིན) <ཏྲི་པི་ཊཱ་ཀ> འདུལ་བའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད། མངོན་པའི་སྡེ་སྣོད་དང་གསུམ། བཀའ་དང་བསྟན་བཅོས་ཡོད་དོ་ཅོག་སྡེ་སྣོད་གསུམ་དུ་འདུ་བ་ཡིན། དེར་མ་འདུས་པའི་བཀའ་བསྟན་ཅི་ཡང་མེད་དོ། །འོ་ན་གསང་སྔགས་འདི་སྡེ་སྣོད་གསུམ་པོ་གང་དུ་འདུས་སམ་ཞེ་ན། འགའ་ཞིག་གིས། སྡེ་སྣོད་གསུམ་པོ་ཅི་རིགས་པར་འདུས་ཟེར། གཞན་དག་གིས། མདོ་སྡེའི་སྡེ་སྣོད་དུ་བསྡུས་ཟེར། ཁ་ཅིག་གིས་ནི། རིག་འཛིན་སྡེ་སྣོད་ཅེས་སྡེ་སྣོད་བཞི་པ་ཞིག་ཏུ་བཞེད་དེ། བུ་སྟོན་རིན་པོ་ཆེའི་གསང་འདུས་ཆོས་འབྱུང་༢ན༡ལས། མདོ་སྡེ་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། །ཞེས་པས། གསུང་རབ་ཐམས་ཅད་མདོ་སྡེ། འདུལ་བ། མངོན་པ་གསུམ་དུ་འདུས་ལ། དེ་ལ་གསང་སྔགས་ནི། ཤཱནྟི་པས། ཟབ་མོའི་དོན་བསྡུས་ཏེ་སྟོན་པའི་ཕྱིར་མདོ་སྡེའོ། །ཞེས་གསུངས་པས། མདོ་སྡེའི་སྡེ་སྣོད་དུ་བཤད། དཔུང་བཟང་ལས་ཀྱང་། གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱིས་ཉོན། །ཞེས་པ་དང་། དེ་ཉིད་བསྡུས་པ་ལས་ཀྱང་། མདོ་སྡེ་འདི་ནི་ལེགས་པར་བཤད། ཅེས་སོ། །ཤྲངྡྷས། རིག་པ་འཛིན་པའི་སྡེ་སྣོད། ཅེས་སྡེ་སྣོད་བཞི་པར་བཞེད་དེ། དཔུང་བཟང་ལས། གསང་སྔགས་རིག་སྔགས་རྣམ་པ་མང་པོ་དང་། ལྷ་དང་ལྷ་མིན་རྣམས་ལ་ཕན་གདགས་ཕྱིར། །བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་དུ་ནི་རྒྱལ་བས་གསུངས། །ཞེས་པ་དང་མཐུན་ནོ། །ཨ་བྷྱས། སྡེ་སྣོད་གསུམ་གའི་དོན་ཆ་ལྡན་དུ་སྟོན་པས་གསུམ་གའི་ཆར་གཏོགས་པར་འདོད་དོ། །ཞེས་སོགས་གསུངས་སོ། །དེ་ལྟར་གོང་དུ་བཤད་པ་ལྟར་བཤད་ཚུལ་སྣ་ཚོགས་ཤིག་ཡོད་ཀྱང་། རང་ལུགས་ནི་མདོ་སྡེ་རྒྱན་ལས་བཤད་པ་ལྟར་སྡེ་སྣོད་གསུམ་པོ་ཅི་རིགས་པར་འདུས་པ་ཡིན་ཏེ། བཀའ་གདམས་གླེགས་བམ་༼ ཀ་པ ༽༦༡ ལས། ལར་གསུམ་པོ་འདིར་མ་འདུས་པའི་གསང་སྔགས་ཅིག་ཡོད་དེ། ཚུལ་ཁྲིམས་ཀྱང་མ་ཡིན། སེམས་ཀྱང་མ་ཡིན། ཤེས་རབ་ཀྱང་མ་ཡིན། དེ་ན་ནི་སྐྱོན་ཆེའོ། །ཧྲིལ་ཏེ་གྲིལ་ན་སྡེ་སྣོད་གསུམ་ལས་གཞན་པའི་སྔགས་མེད། ཅེས་གསུངས་པས་སོ། །