12618

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡོམ་པ
Tibetan Definition (འདུལ་བ) 1 (བྱེད་འབྲེལ) འགོག་པ། དཔེར་ན་ཉེས་སྤྱོད་སྡོམ་པ་ཞེས་པ་ལྟ་བུ། 2 (བྱེད་འབྲེལ) བསྲུང་བར་བྱེད་པ། ཉེས་སྤྱོད་ལས་སྡོམ་པ་ཞེས་པ་ལྟ་བུ། 2 (འདུལ་བ) (མིང་ཚིག) ཉེས་སྤྱོད་ལས་ལྡོག་པར་ཁས་བླངས་ཤིང་དམ་བཅས་པའི་ཆ་ལ་སྡོམ་པ་ཟེར། དེ་ལ་ཚུལ་ཁྲིམས་དང་། བསླབ་ཁྲིམས། སྡོམ་པ་སོགས་ཟེར། དཔེར་ན་སོ་ཐར་གྱི་སྡོམ་པ་ཞེས་པ་ལྟ་བུ། སྒྲ་བཤད་ནི། གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་ཞིང་འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུན་སྡོམ་ཞིང་འགོག་པས་ན་སྡོམ་པ་ཞེས་བྱའོ།། སྡོམ་པ་ལ་སོ་ཐར་བྱང་སེམས་གསང་སྔགས་སོགས་ཀྱི་སྡོམ་པ་མང་དུ་ཡོད་ཀྱང་། སོ་ཐར་གྱི་སྡོམ་པ་ལ་སྦྱར་ཏེ་བཤད་ན། རྗེའི་འདུལ་བ་རྒྱ་མཚོའི་སྙིང་པོ་ལས། ངེས་འབྱུང་བསམ་པས་རྒྱུ་བྱས་ནས། །གཞན་གནོད་གཞི་དང་བཅས་པ་ལས། །ལྡོག་པ་དེ་ཡང་ལུས་ངག་ལས། །གཟུགས་ཅན་ཡིན་ཞེས་འདོད་པ་དང༌། །སྤོང་བའི་སེམས་པ་རྒྱུན་ཆགས་པ། །ས་བོན་དང་བཅས་ཡིན་ནོ་ཞེས། །འདོད་པའི་ཚུལ་ནི་རྣམ་པ་གཉིས། །རང་གི་སྡེ་པ་གོང་འོག་སྨྲ། །ཞེས་གསུངས་པ་ལྟར། (ཐལ་འགྱུར་བའི་ལུགས) ངེས་འབྱུང་གི་བསམ་པས་རྒྱུ་བྱས་ནས་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་པར་ཁས་བླངས་ཤིང་དམ་བཅས་པའི་ཆོས་ཀྱི་བསྐྱེད་མཆེད་ཀྱི་གཟུགས་དེ། སོ་ཐར་གྱི་སྡོམ་པའི་ངོ་བོར། ཐལ་འགྱུར་བས་བཞེད། (བྱེ་བྲག་སྨྲ་བའི་ལུགས) ངེས་འབྱུང་གི་བསམ་པས་རྒྱུ་བྱས་ནས་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་པར་ཁས་བླངས་ཤིང་དམ་བཅས་པའི་བསྟན་མེད་ཐོགས་མེད་ཀྱི་གཟུགས་ (རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས) དེ། སོ་ཐར་གྱི་སྡོམ་པའི་ངོ་བོར། བྱེ་བྲག་སྨྲབས་བཞེད། མཛོད་ལས། འཆལ་པའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །ཞེས་གསུངས་སོ། ། (མདོ་སྡེ་པ། སེམས་ཙམ་པ། རང་རྒྱུད་པའི་ལུགས་ལ) ངེས་འབྱུང་གི་བསམ་པས་རྒྱུ་བྱས་ནས་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་པར་ཁས་བླངས་ཤིང་དམ་བཅས་པའི་སྤོང་བའི་སེམས་པ་རྒྱུན་ཆགས་པ་ས་བོན་དང་བཅས་པ་དེ། སོ་ཐར་གྱི་སྡོམ་པའི་ངོ་བོར། མདོ་སྡེ་པ། སེམས་ཙམ་པ། རང་རྒྱུད་པ་བཅས་ཀྱིས་བཞེད་དོ། །འོ་ན་སློབ་དཔོན་ཡོན་ཏན་འོད་ཀྱིས་སྡོམ་པའི་ངོ་བོ་གང་དུ་འདོད་དམ་ཞེ་ན། རྗེ་དགེ་འདུན་གྲུབ་ཀྱི་འདུལ་ཊཱིཀ་རིན་ཆེན་ཕྲེང་བ་ལས། འོ་ན་སློབ་དཔོན་ཡོན་ཏན་འོད་ཀྱི་ལུགས་ལ་སྡོམ་པའི་ངོ་བོ་གང་ཞེ་ན། ཁ་ཅིག་ན་རེ། མཛོད་ལས། འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །ཞེས་གསུངས་པ་ལྟར་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པའི་གཟུགས་ཡིན་ལ། མདོ་སྡེ་པ་ནི་སྤོང་བའི་སེམས་པ་ས་བོན་དང་བཅས་པར་འདོད་དོ་ཟེར། སློབ་དཔོན་ཡོན་ཏན་འོད་ས་གསུམ་པ་ལ་གནས་པའི་བྱང་སེམས་སུ་འདོད་པ་ལྟར་ན། བྱེ་བྲག་ཏུ་སྨྲ་བའི་ཐུན་མོང་མ་ཡིན་པའི་ལུགས་སུ་མི་བཞེད་པས། སྤོང་བའི་སེམས་པ་ས་བོན་དང་བཅས་པར་བཞེད་དམ་སྙམ་སྟེ་གོང་འོག་ཏུ་ཀུན་ཏུ་དཔྱད་པར་བྱའོ། །ཞེས་གསུངས་སོ། །3 (བྱེད་འབྲེལ) འཁྱིག་པའམ་འཆིང་བ། དཔེར་ན་ཐག་པས་སྡོམ། ཐག་པས་བསྡམས་ཞེས་པ་ལྟ་བུ། སྡོམ་པ། བསྡམས་པ། བསྡོམ་པ། སྡོམས།