12666

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣང་བ་དཀར་ལམ་པ
Tibetan Definition སྣང་མཆེད་ཐོབ་གསུམ་གྱི་ནང་ནས་སྣང་བ་དང༌། སྟོང་པ་བཞིའི་ནང་ནས་སྟོང་པ་ལ་ཟེར། རང་རྒྱུ་ལུགས་འབྱུང་གི་ཀུན་རྟོག་བརྒྱད་ཅུ་བཞོན་པའི་རླུང་དང་བཅས་པ་དང༌། ལུགས་ལྡོག་གི་མཆེད་པ་བཞོན་པའི་རླུང་དང་བཅས་པ་གང་རུང་ལས་བྱུང་ཞིང༌། རང་གི་ངོ་བོ་སྟོན་གནམ་གཡའ་དག་ལ་ཟླ་འོད་ཀྱིས་ཁྱབ་པའི་ལྟ་བུའི་སྟོང་སང་དཀར་ལམ་པའི་སྣང་བ་འཆར་གྱི་དེ་ལས་གཞན་པའི་གཉིས་སྣང་རགས་པ་གཞན་གང་ཡང་མི་འཆར་བའི་ཡིད་ཀྱི་ཤེས་པ་ཕྲ་མོ་ལ། སྣང་བ་དཀར་ལམ་པ་ཟེར། དཀར་ལམ་པའམ་ཁ་དོག་དཀར་པོ་འཆར་བའི་རྐྱེན་ནི། སྙིང་ག་ཡན་ཆད་ཀྱི་རོ་རྐྱང་གི་རླུང་ཐམས་ཅད་དབུ་མའི་ཡར་སྣ་ནས་ཞུགས་པའི་སྟོབས་ཀྱིས། སྤྱི་བོའི་རྩ་མདུད་གྲོལ་བའི་དབུས་ན་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོ་ཧཾ་ཡིག་མགོ་ཐུར་བསྟན་གྱི་རྣམ་པར་ཡོད་པ་དེ་ཐུར་ལ་འོངས་ཏེ། སྙིང་གའི་རོ་རྐྱང་གི་མདུད་པ་དྲུག་སྐོར་གྱི་སྟེང་དུ་སླེབས་པའི་བར་ལ་དེ་འདྲའི་སྣང་བ་འབྱུང་བར་གསུངས་ཤིང༌། ཕྱི་རོལ་ནས་ཟླ་འོད་སོགས་ཀྱི་སྣང་བ་ཤར་བ་མ་ཡིན་ནོ། །སྣང་བ་དཀར་ལམ་པའི་སྒྲ་བཤད་ནི། ཀུན་རྟོག་གཡོ་བའི་རླུང་ཐིམ་ནས་ཟླ་འོད་ལྟ་བུའི་སྣང་བ་དཀར་ལམ་པ་འཆར་བས་ན་དེ་སྐད་ཅེས་བྱ་སྟེ། རྗེའི་རིམ་ལྔ་གསལ་སྒྲོན་ལས། ཀུན་རྟོག་གཡོ་བའི་རླུང་ཐིམ་ནས་ཟླ་འོད་ལྟ་བུར་སྣང་བའི་སྒོ་ནས་སྣང་བ་ཞེས་བྱ་ལ། ཞེས་གསུངས། དེ་ལ་སྟོང་པ་ཟེར་བའི་རྒྱུ་མཚན་ནི། དེ་ཉིད་ལས། དེ་ཉིད་ཀུན་རྟོག་བརྒྱད་ཅུ་རླུང་དང་བཅས་པས་སྟོང་པས་སྟོང་པ་དང༌། ཞེས་གསུངས་པ་ལྟར་རོ། །