From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| གཟེར་རྣོན་བརྒྱ་པ
|
| Tibetan Definition
|
(འདུལ་བ) རྟའི་འགུག་སྲབ་ཀྱི་ཁ་ལྕགས་གཟེར་བུ་རྣོན་པོ་མང་པོ་དང་ལྡན་པ་ཞེས་པའི་དོན། འདིའི་བརྒྱ་པ་ཞེས་པ་ནི་བརྒྱ་དང་ལྡན་པའམ་མང་པོ་དང་ལྡན་པ་ཞེས་པའི་དོན་ནོ། །སོ་སོར་ཐར་པའི་མདོའི་གཞུང་འགྲེལ་ལས། གཟེར་རྣོན་བརྒྱ་པ་ཞེས་བྱ་བ་ནི། འགུག་སྲབ་ཀྱི་ཁ་ལྕགས་གཟེར་བུ་རྣོན་པོ་མང་པོ་དང་ལྡན་པ་དང་འདྲ། ཞེས་གསུངས་པ་ལྟར་རོ། །སོ་སོར་ཐར་པའི་མདོ་ལས། རྟག་ཏུ་འབད་པས་བདའ་བ་ཡི། །སེམས་རྟ་ཁ་བླན་དཀའ་བ་ལ། །མཐུན་པའི་གཟེར་རྣོན་བརྒྱ་པ་ཡི། །སྲབ་ནི་སོ་སོར་ཐར་འདི་ཡིན། ཞེས་གསུངས་སོ། །དབྱངས་ཅན་དགའ་བློས། གཟེར་རྣོན་བརྒྱ་པ་དང་། བཏབ་པ་དང་། རྒྱག་པ་རྣམས་ཡུལ་སྐད་ཀྱི་ཁྱད་པར་ཏེ་དོན་གཅིག་གོ། ཞེས་གསུངས་ཀྱང་དེ་ནི་ནོར་བ་ཡིན་ཏེ། འདིའི་བརྒྱ་པ་ནི་མང་པོའི་དོན་ཡིན་པར། སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས་མཛད་པར་གྲགས་པའི་«སོ་སོར་ཐར་པའི་མདོའི་གཞུང»ལས་ཤིན་ཏུ་གསལ་བར་གསུངས་ཏེ། དེ་ཉིད་ལས། བརྒྱ་པ་ཞེས་བྱ་བ་ནི་མང་པོ་མཚོན་པའི་ཚིག་ཡིན་ཏེ། གྲངས་བརྒྱར་ངེས་པ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །
|