12750

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤུངས་སྐུ
Tibetan Definition འབུར་སྐུ། ལུགས་སྐུ། བླུགས་སྐུ། སྐུ་འདྲ་ལ་ཟེར་བ་ཡིན་ནམ་སྙམ། རྗེ་ཙོང་ཁ་པ་ཆེན་པོས་གནང་བའི་བླ་མའི་རྣལ་འབྱོར་ལས། སྤུངས་སྐུ་ཁ་བསྡུས་པ་ལྟར་ཞེས་པའི་དོན་གང་ཡིན་ཞེ་ན། དེ་ནི་སྐུ་འདྲ་ལ་གཟུངས་གཞུག་ཕུལ་རྗེས་ཞབས་མཐིལ་ལ་ཞལ་ཞལ་ལེགས་པར་བྱས་ཤིང་ཚ་ལ་བརྒྱབ་ནས་ཁ་ཟུམ་པར་བྱེད་པ་དཔེར་བླངས་པ་ཡིན་ནམ་སྙམ་མོ། །ཚིག་འདི་རྗེ་ཙོང་ཁ་པ་ཆེན་པོས་མཁས་གྲུབ་རིན་པོ་ཆེ་ལ་གཅིག་བརྒྱུད་དུ་གནང་བའི་བླ་མའི་རྣལ་འབྱོར་ཟབ་ཁྱད་ཅན་ལས་གསུངས་ཏེ། དེ་ནས་ཐུན་འཇོག་མཁར། འདོད་དོན་ལ་གསོལ་བ་བཏབ་པས་ཞལ་གྱིས་བཞེས་པར་བསམས་ལ། པདྨ་འདབ་བརྒྱད་སྤུངས་སྐུ་ཁ་བསྡུས་པ་ལྟར་ཟུམ་པའི་རྩེ་ལ་དམིགས་བརྩེ་མའི་ཡིག་འབྲུ་རྣམས་གསེར་གྱིས་བྲིས་པ་ལྟ་བུ་དང་། ཞེས་གསུངས། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཡིག་ལས་ཀྱང་། དེ་ཉིད་རྗེ་བླ་མའི་སྐུར་གྱུར་པར་བསམས་ནས་པད་འདབ་རྣམས་སྤུངས་སྐུ་ཁ་བསྡུས་པ་ལྟར་འདུས་པའི་ནང་འོད་ཟེར་སྣ་ལྔས་ཞལ་ཞལ་བྱས་པ་ལྟ་བུའི་ཕྱིར་དམིགས་བརྩེ་མ་དང་ཨ་ར་པ་ཙ་ནའི་སྔགས་ཕྲེང་གིས་བཅིངས་པར་བསམ་པའི་རྩེར་རྡོ་རྗེ་ནག་པོ་རྩེ་ལྔ་པ་ཕྱེད་པའི་ཏོག་ལྕི་བས་མནན་པར་བསམ་ཞིང༌། ཞེས་གསུངས་པ་ཙམ་ལས་སྤུངས་སྐུའི་འགྲེལ་བཤད་མི་སྣང་ལ། ཕ་བོང་ཁ་པ་བདེ་ཆེན་སྙིང་པོ་སོགས་བླ་མ་གང་གིས་ཀྱང་འདིའི་འགྲེལ་བཤད་བྱེད་པ་མ་མཐོང་ངོ་། །ཡང་སྤུངས་སྐུ་ཞེས་པ་མེ་ཏོག་ཅིག་ལ་གོ་རྒྱུ་མིན་ནམ་སྙམ་པ་འབྱུང་སྲིད་ཀྱང་། དེ་ནི་ཡིན་པར་མི་སེམས་ཏེ། ཁ་འདུས་ཞེས་མ་གསུངས་པར་ཁ་བསྡུས་ཞེས་བྱེད་པ་པོ་དང་འབྲེལ་བའི་ཚིག་གསུངས་པ་ལ་དགོས་པ་ཡོད་པའི་ཕྱིར་རོ། །