12772

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤོ་མགུ་དབྱུང་གསུམ
Tibetan Definition (འདུལ་བ) དགེ་འདུན་ལྷག་མའི་ལྟུང་བ་འདག་པའི་ཐབས་སུ་གྱུར་པའི་ཆད་ལས་ཤིག སྤོ་བ་ནོད་པ་དང་སྤོ་བ་སྤྱད་པའི་དགོས་པ་ནི། དགེ་འདུན་ལྷག་མའི་བཅབས་ཉེས་འདག་པའི་ཕྱིར་ཡིན། མགུ་བ་ནོད་པ་དང་མགུ་བ་སྤྱད་པའི་དགོས་པ་ནི། ལྷག་མའི་དབྱུང་བ་ཆགས་པའི་རྟེན་དུ་འགྱུར་བ་དང་། དགེ་འདུན་ལྷག་མའི་ལྟུང་བ་བཤགས་པ་ཆགས་པ་རྟེན་དུ་འགྱུར་བའི་ཆེད་དུ་ཡིན། དབྱུང་བ་བྱས་པའི་དགོས་པ་ནི། ལྷག་མའི་ལྟུང་བ་དག་པར་འགྱུར་བའི་ཆེད་དུ་ཡིན་ནོ། །སྒྲ་བཤད་ནི། ས་རང་བཞིན་དུ་གནས་པ་ལས་དམན་པའི་སར་མར་སྤོ་བ་ཡིན་པས་ན་སྤོ། དགེ་འདུན་ལྷག་མའི་ལྟུང་བ་ཕྱིར་བཅོས་པའི་དོན་དུ་དགེ་འདུན་གྱི་ཐུགས་མགུ་བར་བྱེད་པས་ན་མགུ། དམན་པའི་ས་ནས་རང་བཞིན་གྱི་སར་ཡར་དབྱུང་བའམ་གཞག་པས་ན་དབྱུང་ཞེས་བྱའོ། །ཀློང་རྡོལ་བླ་མའི་གསུང་འབུམ་གླེགས་བམ་དང་པོ་༥༠༡ ལས། ལྷག་མ་བཅུ་གསུམ་གང་རུང་བྱུང་ནས་ཞག་གྲངས་མ་འདས་ན་མགུ་བ་སྤྱོད་པ། དབྱུང་བ་སྤྱོད་པ་གཉིས་མི་དགོས། ཞག་གྲངས་འདས་ན་སྤོ་མགུ་དབྱུང་བ་གསུམ་ག་མ་བྱས་བར་དུ་བཤགས་ཚུལ་མེད། ཅེས་གསུངས། སྤོ་མགུ་དབྱུང་གསུམ་བྱེད་པའི་སྲོལ་འདི་བོད་གངས་ཅན་གྱི་ལྗོངས་སུ་མ་དར་བས། འོ་ན་དེང་སང་བོད་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་དགོན་སྡེ་ཆེན་པོ་རྣམས་སུ། ལྷག་མའི་ལྟུང་བ་ཕྱིར་བཅོས་བྱ་ཐབས་མེད་པ་ཡིན་ནམ་ཞེ་ན། བཅོམ་ལྡན་འདས་ཀྱིས་གང་ཟག་ཁྱད་པར་ཅན་ལ་དགེ་འདུན་ལྷག་མའི་ཕྱིར་བཅོས་བྱེད་པ་ལ་སྤོ་མགུ་དབྱུང་གསུམ་མི་དགོས་པར་གསུངས་པ་ཉིད་ཀྱིས་སྤོ་མགུ་དབྱུང་གསུམ་པོ་འདི་ལྟུང་བ་འདག་པ་ལ་མེད་དུ་མི་རུང་བའི་རྒྱུ་ཞིག་མིན་པར་དོན་གྱིས་བསྟན་འདུག་སྙམ་ཡང་། འདི་ནི་ཤིན་ཏུ་གལ་ཆེ་བའི་གནད་ཅིག་ཡིན་པས་ངེས་པར་དོགས་པ་གཅོད་དགོས་པ་ཞིག་གོ། སྤྱིར་བཏང་བཅོམ་ལྡན་འདས་ཞལ་བཞུགས་པའི་དུས་སུའང་དགེ་འདུན་ལྷག་མའི་ལྟུང་བ་ཕྱིར་བཅོས་བྱེད་པ་ལ་ངེས་པར་སྤོ་མགུ་དབྱུང་གསུམ་དགོས་པ་མ་ཡིན་ཏེ། མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ། མ་མོ་འཛིན་པ་སོགས་གང་ཟག་ཁྱད་པར་ཅན་རྣམས་ལ་སངས་རྒྱས་ཀྱིས་ཀྱང་དམིགས་བསལ་གནང་བ་ཡིན་ཏེ། གང་ཟག་ཁྱད་པར་ཅན་དེ་དག་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟ་བུར་སྤོ་མགུ་དབྱུང་གསུམ་གྱི་ཆད་ལས་མི་དགོས་པར། དགེ་སློང་གང་ཟག་གི་གཅིག་གི་མདུན་དུ་བཤགས་པས། དགེ་འདུན་ལྷག་མ་འདག་པར་གསུངས་ཏེ། ༡ ༽སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩ་བ་ལས། མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པ་དང། །ཤེས་པས་མི་གཅིག་གི་མདུན་དུ་བཤགས་པས་དགེ་འདུན་ལྷག་མ་ལས་ལྡང་ངོ། །བསམ་པས་ལྟུང་བ་ལས་ལྡང་གི་ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ། །ཞེས་གསུངས་སོ། །དེར་མ་ཟད་གལ་ཏེ་མདོ་སྣོད་འཛིན་པ་དེ་དག་ལ་སྤོ་མགུ་དབྱུང་གསུམ་གྱི་ཆད་ལས་དང་ནན་ཏུར་གྱི་ལས་བྱས་ན་དབྱེན་གྱི་སྦོམ་པོར་ཡང་གསུངས་ཏེ། ༢ ༽དེ་ཉིད་ལས། ཤེས་པ་དང་བསོད་ནམས་ཆེན་པོ་དང་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་དང་ཐོས་པ་དང་ཕྱོགས་དང་འཁོར་མང་བ་དག་ལ་ནི་སྦོམ་པའོ། །ཞེས་གསུངས། ༣ ༽ ཡང་སློབ་དཔོན་ཡོན་ཏན་གྱི་འོད་ཀྱི་འདུལ་བ་མདོ་རྩའི་རང་འགྲེལ་༼ རང་གི་རྣམ་བཤད ༽ལས། ངོ་ཚ་དང་ལྡན་པ་དང། མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པ་དང། ཤེས་པས་ནི་གཅིག་གི་མདུན་དུ་བཤགས་པས། དགེ་འདུན་ལྷག་མ་ལས་འདག་གོ་ཞེས་བྱ་བ་ལ་འདིས་སྤོ་བར་བྱ་བ་དང་མགུ་བར་བྱ་བ་དག་ལ་རྩོམ་པ་མི་དགོས་པ་ཉིད་ཅེས་བྱ་བ་ཤེས་པར་བྱའོ། །ཞེས་གསུངས་སོ། །༤ ༽ མཚོ་ཊཱིཀ་ལས། སྤོ་བ་དང་ཞེས་པ་ནས་དབྱུང་བར་བྱའོ་ཞེས་གནས་ཀྱི་བླ་མ་སྡེ་སྣོད་འཛིན་པ་ལ་ལྷག་མའི་ལྟུང་བ་བྱུང་ན་སྤོ་མགུ་དབྱུང་བ་བྱ་བར་བཤད་པ་འདི་དང། ཕྱིར་བཅོས་ཀྱི་གཞི་ལས་མདོ་སྡེ་འཛིན་པས་ནི་གཅིག་གི་མདུན་དུ་བཤགས་པས་ལྷག་མ་འདག་གོ །ཞེས་བཤད་པ་དང་འགལ་ཞེ་ན། སྡེ་སྣོད་འཛིན་པ་ཡིན་ཀྱང་སྤོ་མགུ་སྤྱད་པ་མ་བྱས་ན་ཕྱིན་ཆད་རྒྱུན་སྡོམ་པ་ལ་སོགས་པ་ཕྱིར་བཅོས་ཀྱི་བསམ་པ་མཚན་ཉིད་པ་མི་སྐྱེ་ན་སྤོ་མགུ་དབྱུང་བ་དགོས་ལ། བསམ་པ་དེ་སྐྱེ་ན་སྡེ་སྣོད་འཛིན་པས་སྤོ་མགུ་དབྱུང་བ་མི་དགོས་པ་སྟེ། བསམ་པས་ལྟུང་བ་ལས་ལྡང་གི་ཆད་པའི་ལས་ཀྱིས་མ་ཡིན་ནོ་ཞེས་གསུངས་སོ། །༥ ༽ མཚོ་ཊཱིཀ་ལས། འོན་ཀྱང་སྦོམ་པོ་བཤགས་ཡུལ་ལ་དམིགས་བསལ་ཡོད་དེ། གང་ཟག་ཁྱད་པར་ཅན་ལྡས་ནི་ཕམ་ལྷག་གི་སྦོམ་པོ་ལྕི་ཡང་ཐམས་ཅད་དགེ་སློང་གཅིག་ལ་བཤགས་ཏེ། གང་ཟག་ཁྱད་པར་ཅན་གྱི་ལྷག་མའི་ལྟུང་བ་ཡང་གཅིག་གི་མདུན་དུ་བཤགས་པས་འདག་པར་གསུངས་པའི་གནད་ཀྱིས་ཤེས་སོ། །ཞེས་གསུངས། ༦༽ མཚོ་ཊཱིཀ་ལས། འོན་ཀྱང་གང་ཟག་ཁྱད་པར་ཅན་ལྔས་ནི་སྤངས་པ་དང་བྲལ་བ་དེ་མི་དགོས་པར་བམ་པོ་ལྔ་བཅུ་པ་ལས་གསུངས་སོ། །ཞེས་གསུངས། ༧༽མཚོ་ཊཱིཀ་ལས། གང་ཟག་ཁྱད་པར་ཅན་ལྔ་ལ་ལྷག་མའི་ལྟུང་བ་བྱུང་ཡང་སྤོ་མགུ་དབྱུང་བ་མི་དགོས་པར་དགེ་སློང་གཅིག་གི་མདུན་དུ་བཤགས་པས་དག་པར་འགྱུར་རོ། །ཞེས་གསུངས། ༨༽ མཚོ་ཊཱིཀ་ལས། གསུམ་པ་ལྟུང་བ་གང་དག་པའི་དོན་དུ་ནོད་པ་ནི་རང་གི་ལྷག་མའི་ལྟུང་བ་བཅབས་པའི་ཉེས་པ་ཡིན་པ། གང་ཟག་ཁྱད་པར་ཅན་མ་ཡིན་པ་བདག་གི་རྒྱུད་དུ་འབྲེལ་བར་ཡོད་པ་དང། ༩༽མཚོ་ཊཱིཀ་ལས། དང་པོ་ཡུལ་གང་ལ་དབྱུང་བ་བྱ་བ་ནི། ཆོས་བཅུ་ལྡན་ཏེ་ཐུན་མོང་བ་བརྒྱད་ནི་ལས་གཞིའི་སྐབས་སུ་སྨོས་ལ། གང་ཟག་ཁྱད་པར་ཅན་མ་ཡིན་པ་དང། མགུ་པ་སྤྱད་པ་དང་ལྡན་པའོ། །ཞེས་གསུངས་སོ། །༡༠ ༽མཚོ་ཊཱིཀ་ལས། སྤོ་བ་སྤྱད་དགོས་ཀྱི་འཆབ་པ་ལ་ནི་རྟེན་གང་ཟག་ཁྱད་པར་ཅན་མ་ཡིན་པ་ཡན་ལག་ཏུ་དགོས་ཀྱང།ཞེས་གསུངས་སོ། །༡༡ ༽ མཚོ་ཊཱིཀ་ལས། གཞན་ཡང་དངོས་པོ་སྤང་དགོས་པ་ཉིད་ཀྱིས་སྤང་ལྟུང་དུ་རྣམ་པར་འཇོག་ན། གང་ཟག་ཁྱད་པར་ཅན་ལ་སྤང་ལྟུང་མེད་པར་ཐལ། དངོས་པོ་སྤང་མི་དགོས་པའི་ཕྱིར་ཏེ། འདུལ་བ་ཀུན་ལས་བཏུས་ལས། ངོ་ཚ་དང་ལྡན་པ་དང། མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པ་དང། ཤེས་པས་ནི་གཅིག་གི་མདུན་དུ་བཤགས་པས་སྤང་བའི་ལྟུང་བྱེད་ལས་ལྡང་སྟེ། དངོས་པོ་སྤང་བ་དང་བྲལ་བར་བྱ་མི་དགོས་སོ་ཞེས་སྤང་མི་དགོས་ཀྱང་སྤང་བའི་ལྟུང་བྱེད་དུ་བཤད་དོ། །ཞེས་གསུངས་སོ། །༡༢ ༽མཚོ་ཊཱིཀ་ལས། གང་ཟག་ཁྱད་པར་ཅན་གྱི་སྤང་ལྟུང་ལ་ནི་མི་སྦྱར་ཏེ། དངོས་པོ་དེ་སྤང་མི་དགོས་པའི་ཕྱིར་རོ། །ཞེས་གསུངས་སོ། །༡༣ ༽མཚོ་ཊཱིཀ་ལས། གང་ཟག་ཁྱད་པར་ཅན་གྱི་སྤང་ལྟུང་ལ་ཡང་མཚན་ཉིད་དེ་ཞུགས་པའི་ཕྱིར། སྤང་ཤན་རྡེག་བྱེད་ཡིན་པར་ཐལ་བ་ལས། སྔར་མི་དགོས་པར་བཤད་པ་སྔར་དྲངས་པ་དང་འགལ་ཞིང། དེའི་ལྷག་མ་ཕྱིར་འཆོས་པ་སྤོ་གུ་དབྱུང་པ་མི་དགོས་པའི་གནད་དང་ཡང་འགལ་ལོ། །ཞེས་གསུངས་སོ། །༡༤ ༽མཚོ་ཊཱིཀ་ལས། གང་ཞིག་སྤང་བའི་ལྟུང་བྱེད་དངོས་གཞི་ཡིན། སྤང་ལྟུང་ཕྱིར་བཅོས་འཆགས་རུང་གི་གང་ཟག་ཁྱད་པར་ཅན་མ་ཡིན་པ་བདག་གི་རྒྱུད་དང་འདོད་ན་བམ་པོ་ལྔ་བཅུ་པ་འདུལ་བ་ཀུན་ལས་བཏུས་པ་ལས། འབྲེལ་བར་ཡོད། ངོ་བོ་ཤེས་ཤིང་དྲན་པར་ནུས་པའོ། །ཞེས་གསུངས་སོ། །༡༥༽མཚོ་ཊཱིཀ་ལས། ཐ་མ་ནི་གང་ཟག་ཁྱད་པར་ཅན་ཡིན་ན་སྤང་མི་དགོས་པའི་ཕྱིར་རོ། །ཞེས་གསུངས་སོ། །གོང་དུ་མདོ་སྡེ་འཛིན་པ་སོགས་གང་ཟག་ཁྱད་པར་ཅན་ལ་སྤོ་མགུ་དབྱུང་གསུམ་མི་དགོས་གསུངས་པའང་ཕྱིར་བཅོས་ཀྱི་བསམ་པ་མཚན་ཉིད་པ་སྐྱེས་པའི་དབང་དུ་བྱས་པ་སྟེ། གལ་ཏེ་སྐྱེས་མེད་ན་སྤོ་མགུ་དབྱུང་གསུམ་དགོས་པ་ཡིན་ཏེ། མཚོ་ཊཱིཀ་སྟོད་ཆ་ལས། སྤོ་བ་དང་ཞེས་པ་ནས་དབྱུང་བར་བྱའོ་ཞེས་གནས་ཀྱི་བླ་མ་སྡེ་སྣོད་འཛིན་པ་ལ་ལྷག་མའི་ལྟུང་བ་བྱུང་ན་སྤོ་མགུ་དབྱུང་བ་བྱ་བར་བཤད་པ་འདི་དང། ཕྱིར་བཅོས་ཀྱི་གཞི་ལས་མདོ་སྡེ་འཛིན་པས་ནི་གཅིག་གི་མདུན་དུ་བཤགས་པས་ལྷག་མ་འདག་གོ །ཞེས་བཤད་པ་དང་འགལ་ཞེ་ན། སྡེ་སྣོད་འཛིན་པ་ཡིན་ཀྱང་སྤོ་མགུ་སྤྱད་པ་མ་བྱས་ན་ཕྱིན་ཆད་རྒྱུན་སྡོམ་པ་ལ་སོགས་པ་ཕྱིར་བཅོས་ཀྱི་བསམ་པ་མཚན་ཉིད་པ་མི་སྐྱེ་ན་སྤོ་མགུ་དབྱུང་བ་དགོས་ལ། བསམ་པ་དེ་སྐྱེ་ན་སྡེ་སྣོད་འཛིན་པས་སྤོ་མགུ་དབྱུང་བ་མི་དགོས་པ་སྟེ། བསམ་པས་ལྟུང་བ་ལས་ལྡང་གི་ཆད་པའི་ལས་ཀྱིས་མ་ཡིན་ནོ་ཞེས་གསུངས་སོ། །ཞེས་གསུངས།