From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྤྱོད་པ་གསུམ
|
Tibetan Definition
|
1 (གསང་སྔགས) (དགེ་ལུགས) རིམ་གཉིས་ལ་བོགས་འདོན་པའི་ཡན་ལག་ཏུ་རིག་མའི་འདོད་ཡོན་ལ་ལོངས་སྤྱོད་པའི་སྤྱོད་པ་རྣམ་པ་གསུམ་ནི། རྗེའི་སྔགས་རིམ་ཆེན་མོ་ལས། དེ་ལ་སྤྲོས་བཅས་ཀྱི་སྤྱོད་པ་ནི། གནས་ཁྱད་པར་ཅན་དུ་རིག་མ་ཉི་ཤུ་དང་ལྷན་ཅིག་ཏུ་ལག་པའི་ཕྱག་རྒྱ་དང་གླུའི་མཆོད་པ་དང་གར་ལ་སོགས་པའི་སྦྱོར་བས་ཉིན་དང་མཚན་དུ་རོལ་ནས་ཕྱག་རྒྱ་ཆེན་པོའི་གོ་འཕང་སྒྲུབ་པ་སྟེ་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་འདི་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་གྲུབ་པར་སྤྱོད་བསྡུས་ལས་གསུངས་སོ། །སྤྲོས་མེད་ཀྱི་སྤྱོད་པ་ནི། རིག་མ་ལྔའམ་ཡང་ན་གཅིག་དང་ཡང་རུང་སྟེ་དེ་དག་ལ་བརྟེན་ནས་འདོད་ཡོན་ལམ་དུ་བྱས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའོ། །ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ནི། སྙིང་གར་གནས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་སྙོམས་པར་ཞུགས་ནས་ཕྱག་རྒྱ་ཆེན་པོའི་གོ་འཕང་རྫོགས་པར་བྱེད་པའོ། །ཞེས་གསུངས། སྤྱོད་པ་བྱེད་པའི་སྐབས་ནི། ཐུན་མོང་གི་དངོས་གྲུབ་ཆེན་པོ་རྣམས་སྒྲུབ་ན་བསྐྱེད་རིམ་གྱི་སྐབས་སུ་བྱེད་པར་ཡང་བཤད་ལ། སྒྱུ་ལུས་ཐོབ་ནས་བྱེད་པ། སློབ་པའི་ཟུང་འཇུག་ཐོབ་ནས་བྱེད་པ་དང་གསུམ་ཡོད་པར་གསུངས་སོ། །རྒྱས་པར་རྗེའི་སྔགས་རིམ་ཆེན་མོ་དང་རིམ་ལྔ་གསལ་སྒྲོན་ལས་ཤེས་པར་བྱའོ། ། (བཀའ་བརྒྱུད) ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་རྩ་འགྲེལ་ལས། ཆས་དང་ཕྱག་རྒྱ་གླུ་གར་རོལ་རྩེད་སོགས། །རྒྱས་དང་ཅུང་ཟད་ཏིང་འཛིན་ཁོ་ནས་བརྟེན། །རིམ་བཞིན་སྤྲོས་བཅས་སོགས་ཀྱི་ངོ་བོ་སྟེ། །ལྷའི་ཆས་སུ་འཇུག་པ་དང་། ཕྱག་རྒྱའི་གྲངས་ལྷ་དང་མཉམ་པར་ངེས་པ་དང་། དེ་དག་ངེས་པ་མེད་པ་ཅུང་ཟད་ཡོད་པ་དང་། ཕྱིའི་སྤྲོས་པ་དོར་ཏེ་ཏིང་ངེ་འཛིན་འབའ་ཞིག་ལ་བརྟེན་པ་རྣམས་ནི་རིམ་བཞིན་སྤྲོས་བཅས་དང་། སོགས་ཁོངས་ནས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་གསུམ་གྱི་ངོ་བོ་སྤྱོད་བསྡུས་སུ་བཤད་དོ། །ཞེས་གོང་དུ་རྗེའི་སྔགས་རིམ་དུ་བཤད་པ་དང་འདྲ་བར་བཤད་དོ། །
|