1286

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡག་རྔ་བཞིན་བསྲུང་བ
Tibetan Definition (འདུལ་བ) ཚུལ་ཁྲིམས་ཇི་ལྟར་བསྲུང་ཚུལ་གྱི་དཔེ་ཞིག་སྟེ། ཇི་ལྟར་གངས་ཀྱི་གཡག་ (གངས་གཡག་ཅེས་པ་འདི་རྒྱ་གར་གྱི་སྙན་ངག་པ་རྣམས་ཀྱིས་བཏགས་པ་ཙམ་ལས་དོན་ལ་བོད་ཀྱི་འབྲོང་དང་གཡག་རང་གི་མིང་ཡིན) དེ་རང་གི་རྔ་མའི་ཉག་མ་གཅིག་ཤིང་དག་ལ་ཐོགས་ན། དེ་བསྲུང་བའི་ཕྱིར་མ་ཤིའི་བར་དུ་དེར་སྡོད་པ་དེ་བཞིན་དུ། ཉེས་བྱས་ཕྲ་མོ་ཡན་ཆད་ལ་ཡང་ལུས་སྲོག་ལ་མི་ལྟ་བར་བསྲུང་བའི་བྱའོ་ཞེས་བྱ་བའི་དོན་ནོ། །ཞེས་མའི་སོ་ཐར་གྱི་མདོའི་འགྲེལ་པར་གསུངས། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། གངས་ཅན་གྱི་གཡག་ཅེས་པ་ང་ཚོའི་བོད་ཀྱི་འབྲོང་དང་གཡག་རང་ལ་ངོས་འཛིན་མཛད། དེས་ན་གངས་ཅན་གྱི་གཡག་དང༌། གངས་ཀྱི་གཡག གངས་གཡག་རྣམས་དོན་གཅིག་གོ། ཞིབ་པར་གངས་གཡག་ཅེས་པའི་ཐད་དུ་གཟིགས།