12892

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲུལ་སྐུ
Tibetan Definition ངེས་པ་ལྔ་དང་མི་ལྡན་པའི་རབ་ཏུ་ཕྱེ་བའི་གཟུགས་སྐུ་མཐར་ཐུག་དེ། སྤྲུལ་སྐུའི་མཚན་ཉིད། ངེས་པར་འགྱུར་བའམ་རྒྱུན་མི་བརྟན་པའམ་ངེས་པར་གཞན་དུ་བསྒྱུར་བས་སྤྲུལ་སྐུ་ཞེས་བྱ། ཞེས་བུ་སྟོན་ཆོས་འབྱུང་དུ་གསལ་བ་ལྟར་རོ། །རྩ་བ་ལས། གང་གི་སྲིད་པ་ཇི་སྲིད་བར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་འབྱུང་བ་ལྟར་རོ། །དེ་ལ་དབྱེ་ན། བཟོ་བོ་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ། བྱང་ཆུབ་ཆེན་པོའི་སྤྲུལ་སྐུ། (དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་༣༦༦ལས། སྤུལ་པའི་སྐུ་ལ་དབྱེ་ན་གསུམ་སྟེ། མདོ་སྡེ་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །ཞེས་པས་བཟོ་སྤྲུལ་པ། སྐྱེ་བ་སྤྲུལ་པ། མཆོག་གི་སྤྲུལ་པའོ། །ཞེས་བྱང་ཆུབ་ཆེན་པོའི་སྤྲུལ་སྐུ་དང་མཆོག་གི་སྤྲུལ་སྐུ་གཉིས་དོན་གཅིག་ཡིན་པར་གསུངས་སོ) མཆོག་གི་སྤྲུལ་སྐུ་དང་བཞི། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་སྐབས་བརྒྱད་པའི་སྤྱི་དོན་དུ། བྱང་ཆུབ་ཆེན་པོའི་སྤྲུལ་སྐུ་ཞེས་པ་མཆོག་གི་སྤྲུལ་ལས་ཐ་དད་པ་ཞིག་ཀྱང་གསུངས་ཤིང་། དེའི་མཚན་གཞིར་རྒྱལ་བ་འོད་དཔག་མེད་དང་རྒྱལ་བ་མི་འཁྲུགས་པ་ལྟ་བུ་བཞག་སྟེ། དེའི་སྐབས་བརྒྱད་པའི་སྤྱི་དོན་ལས། དེ་ལ་དབྱེ་ན། བཟོ་བོ་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ། བྱང་ཆུབ་ཆེན་པོའི་སྤྲུལ་སྐུ་སྟེ་གསུམ་དུ་ཕལ་ཆེ་བས་བཞེད་ལ། ཀུན་མཁྱེན་བུ་སྟོན་སོགས་དང་བདག་གི་བླ་མ་རིན་པོ་ཆེས་ནི། དེའི་སྟེང་དུ་མྱ་ངན་ལས་འདས་པ་སོགས་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་གདུལ་བྱ་རྗེས་སུ་འཛིན་པའི་མཆོག་གི་སྤྲུལ་སྐུ་སྟེ་བཞིར་མཛད། དང་པོ་ནི། དྲི་ཟའི་རྒྱལ་པོ་རབ་དགའ་འདུལ་བའི་ཕྱིར་དུ་དྲི་ཟའི་པི་ཝང་ལེན་པའི་གཟུགས་སུ་སྤྲུལ་པའི་དེ་བཞིན་གཤེགས་པ་ལྟ་བུ། གཉིས་པ་ནི། དེ་བཞིན་གཤེགས་པ་རི་དྭགས་རུ་རུར་སྤྲུལ་པའི་དེ་བཞིན་གཤེགས་པ་ལྟ་བུ། གསུམ་པ་ནི། རྒྱལ་བ་འོད་དཔག་མེད་དང༌། རྒྱལ་བ་མི་འཁྲུགས་པ་ལྟ་བུ། བཞི་པ་ནི། སྟོན་པ་ཤཱ་ཀྱ་ཐུབ་པ་ལྟ་བུའོ། །དེ་ལྟར་ཡང༌། མདོ་སྡེའི་རྒྱན་ལས། བཟོ་དང་སྐྱེ་བ་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་དང༌། དེའི་འགྲེལ་པར། སྤྲུལ་པའི་སྐུ་དེ་ནི་རྟག་ཏུ་འདུལ་བའི་དོན་དུ་པི་ཝང་ལེན་པ་ལ་སོགས་པ། བཟོ་དང་སྐྱེ་བ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། མྱ་ངན་ལས་འདས་པ་སྟོན་པ་དག་གིས་རྣམ་པར་གྲོལ་བའི་ཐབས་ཆེན་པོ་ཡིན་པའི་ཕྱིར། གཞན་གྱི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་དུ་རིག་པར་བྱའོ། །ཞེས་གསུངས་སོ། །