12903

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲོས་བྲལ
Tibetan Definition 1 (དགེ་ལུགས) སྟོང་ཉིད་ཀྱི་མིང་གི་རྣམ་གྲངས་ཤིག སྒྲ་བཤད་ནི། གདོད་མའི་རང་བཞིན་ཇི་ལྟར་ཡོད་པ་ལས་གཞན་བཟང་ངན་དང་། མང་ཉུང་། ཆེ་ཆུང་། བྱ་བྱེད་སོགས་གང་ཡང་སྤྲོ་རྒྱུའམ་དབྱེ་རྒྱུ་མེད་པས་ན་སྤྲོས་བྲལ་ཞེས་བྱའོ། །དེ་ཡང་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས། ཇི་སྙེད་ཅེས་པ་མང་པོ་སྒྲ། །ཆོས་ཀྱི་དབྱིངས་ལ་མང་ཉུང་མེད། །དེ་ནི་སྤྲོས་བྲལ་ཡིན་ཕྱིར་རོ། །ཞེས་དང་། ཆོས་ཀྱི་དབྱིངས་ལ་བྱ་བྱེད་མེད། །དེ་ནི་སྤྲོས་བྲལ་ཡིན་ཕྱིར་རོ། །ཞེས་སོགས་གསུངས་པ་ལྟར་རོ། །ཡང་ན། སྤྲོས་པ་དགག་བྱ་ལ་བྱས་ནས་དེ་དང་བྲལ་བ་ལ། སྤྲོས་བྲལ་ཞེས་པའམ། ཡང་ན་སྤྲོས་པ་བདེན་འཛིན་ལ་བྱས་ནས་དེ་མེད་པ་ལ་སྤྲོས་བྲལ་ཞེས་བྱའོ། །དེས་ན་ སྤྲོས་བྲལ་ཞེས་པའི་སྤྲོས་པ་ནི། ཕྱེ་བ་དང་། མཆེད་པ། གྱེས་པ་བཅས་ཀྱི་དོན་ཡིན། རྗེ་ཙོང་ཁ་པ་ཆེན་པོའི་རྩ་ཤེ་ཊཱིཀ་ཆེན་ལས་ཀྱང་། སྤྲོས་བྲལ་རྟོགས་སོ་བྱས་ན་ཤིན་ཏུ་རངས་ཤིང་དགའ་ལ། སྤྲོས་པ་མེད་པ་དགག་པ་འཇལ་ལོ་བྱས་ན་མི་བཟོད་པ་ནི། དགག་བྱ་རྣམ་པར་བཅད་ཙམ་ཞིག་མེད་དགག་གི་དོན་ཡིན་པ་མ་རྟོགས་པར་མེད་དགག་ཐམས་ཅད་རི་བོང་གི་རྭ་དང་འདྲ་བའི་ཅང་མེད་དུ་འདོད་པའི་བློ་སྐྱོན་ཡིན་ཏེ། ཞེས་གསུངས་སོ། །