12964

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་སྒྲོལ
Tibetan Definition ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་མ་བྱོན་གོང༌། པཎྜི་ཏ་ཤམ་ཐབས་སྔོན་པོ་ཅན་ལ་སོགས་པ་འགའ་ཞིག་བྱུང་ནས། བུད་མེད་ལ་འཁྲིགས་པ་སྤྱོད་པ་ལ་སྦྱོར་བ་དང༌། དགྲ་ལ་སོགས་པའི་སེམས་ཅན་གསོད་པ་ལ་སྒྲོལ་བ་ཞེས་སྦྱོར་སྒྲོལ་དུ་གྲགས་པའི་ཆོས་ལོག་ཅིག སྤྱིར་བཏང་སྦྱོར་སྒྲོལ་གྱི་སྤྱོད་པ་འདི་རྩིང་སྤྱོད་དང་འཆལ་སྤྱོད་ཅིག་ལ་ངོས་འཛིན་མཛད་དེ། བུ་སྟོན་ཆོས་འབྱུང་༡༩༣ལས། དེའི་དུས་ན་དབུས་གཙང་ན་སྡོམ་པ་དང་བཤད་ཉན་བཀའ་ཆད་དེ་མེད་ཅིང་གཙུག་ལག་ཁང་གི་གཉེར་པ་ཤམ་ཐབས་གོང་བ་ཅན་གྱོན་པ་ལ་མིང་གནས་བརྟན་དགྲ་བཅོམ་ཟེར་བས་བྱེད། སྡོམ་པ་སྲུང་ཟེར་ནས་དབྱར་ཟླ་གསུམ་རྩ་བཞི་སྣ་ཡུད་ལ་སྲུང༌། དགག་དབྱེ་བྱེད་ཟེར་ནས་དེ་ནས་མི་སྲུང་ངོ༌། །སྔགས་པ་རྣམས་ཀྱང་རྒྱུད་དོན་མ་རྟོགས་པར་སྦྱོར་སྒྲོལ་ལ་སོགས་ལོག་པར་སྤྱོད་དོ། །ཞེས་དང༌། (ཡང་ཤོག་གྲངས་༢༠༠ལས) དེས་ལྷ་བླ་ཡེ་ཤེས་འོདམཚན་ཉིད་ཀྱི་ཐེག་པ་ཤེས་ཀྱང༌། སྔགས་པ་རྣམས་ཀྱིས་སྦྱོར་སྒྲོལ་ལ་སོགས་པའི་སྤྱོད་ལོག་གིས་བཀའ་ཡིན་མིན་ཐེ་ཚེམ་དུ་གྱུར་ཏེ། རིན་ཆེན་བཟང་པོ་ལ་སོགས་པ་ཁྱེའུ་ཉི་ཤུ་རྩ་གཅིག་བརྫངས་ནས་རྒྱ་གར་དུ་ཆོས་སློབ་ཏུ་བཏང༌། ཞེས་སོགས་དང༌། ཡང་དེབ་སྔོན་ལས། སྔགས་ལ་སྦྱོར་སྒྲོལ་ལ་སོགས་པ་ལོག་པར་སྤྱོད་པ་མང་པོ་སྣང་བ་དང༌། ཞེས་པ་ནས། ཇོ་བོ་རྗེ་དེ་སྤྱན་འདྲོངས་ན། ལོག་པ་དེ་རྣམས་སུན་དབྱུང་བར་ནུས་ཤིང༌། བསྟན་པ་ལ་ཕན་པ་ཞིག་འོང་བར་དགོངས་ནས་ཡོད་པ་ལ། ཞེས་སོགས་གསུངས་སོ། །གཞན་ཡང་ཚད་ལྡན་གྱི་ལོ་རྒྱུས་ཆེས་མང་པོའི་ནང་དེ་ལྟར་དུ་གསལ་ལོ། །