13024

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨོན་འདྲིན
Tibetan Definition ཧ་ཅང་འདྲིས་ཤས་ཆེ་བའི་མཛའ་གྲོགས་ཀྱི་མིང་། སྨོན་འདྲིན་ནམ་སྨོས་འདྲིན་ནི། བསྟན་དར་ལྷ་རམས་པས། མིང་རུས་ལ་སོགས་པ་ཤེས་པའི་སྒོ་ནས་འདྲིས་ཆེ་བའི་གྲོགས་པོའི་མིང༌དུ་བཤད་པ་ལྟར་རོ། །སྒྲ་བཤད་ནི། སྨོན་ནི་སྨོན་པ་སྟེ་མོས་པའམ་དགའ་བའི་དོན་དང་། འདྲིན་ནི་འདྲིས་པའམ། མཐུན་པའམ་མཛའ་བའི་དོན་ནོ། །མདོར་ན། དགའ་ཞིང་མཛའ་བའི་དོན་ནོ། །འདུལ་བ་གཞིི་རྒྱ་ཆེར་འགྲེལ་ལས། སྨོན་འདྲིན་ཞེས་བྱ་བ་ནི་ངོ་ཤེས་ཤིང་མིང་དང་རུས་ལ་སོགས་པ་འཛིན་པས་སྙིང་དུ་སྡུག་པར་གྱུར་པའོ། །ཞེས་གསུངས། དོགས་གཅོད། འདྲིན་དང་འདྲིས། འདྲེན་དང་འདྲེས་རྣམས་རེས་མོས་ཀྱིས་འབྲི་སྲོལ་ཡོད་དེ། དཔེར་ན་དཀར་ནག་འདྲེས་མའི་ལས་ལ། དཀར་ནག་འདྲེན་མའི་ལས་ཞེས་པ་ལྟ་བུ། ས་པཎ་གྱི་སྡོམ་གསུམ་རབ་དབྱེ་སོ་ཐར་གྱི་སྡོམ་པ་བཤད་པའི་ཐད་ལས་ཀྱང་། གཞན་ཡང་གཅིག་ཏུ་དཀར་བ་དང་། །གཅིག་ཏུ་གནག་དང་འདྲེན་མའི་ལས། །རྣམ་པ་གསུམ་དུ་ཐུབ་པས་གསུངས། །གཅིག་ཏུ་དཀར་བས་བདེ་བ་བསྐྱེད། །གཅིག་ཏུ་གནག་པས་སྡུག་བསྔལ་བསྐྱེད། །འདྲེན་མའི་ལས་ཀྱིས་བདེ་བ་དང་། །སྡུག་བསྔལ་འདྲེན་མ་བསྐྱེད་པར་གསུངས། །ཞེས་གསུངས་པ་ལྟར་རོ། །དགེ་འདུན་ཞེས་པ་ཡང་ལེགས་སྦྱར་གྱི་སྐད་དོད་དང་བསྟུན་ན་དགེ་འདུས་ཟེར་བ་ཨེ་ཡིན་སྙམ་ཡང་དཔྱད་དོ། །འོན་ཀྱང་ལེགས་སྦྱར་ལ་ “སཾགྷ” སྟེ་ “ འདུས་པ” ཞེས་པ་ཙམ་ལས་དགེ་ཞེས་ཚིག་ལ་མི་གསལ་ཡང་། ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་དགོས་པ་དང་རྒྱུ་མཚན་ལ་བརྟེན་ནས་དགེ་ཞེས་བླ་ཐབས་སུ་བསྣན་པར་སེམས་ཡང་དཔྱད་དོ། །