13048

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨྲ་སྒོ་མཚོན་ཆ
Tibetan Definition པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་སྟེ་དྲན་པ་ཡེ་ཤེས་གྲགས་པས་ལིང་ཆུ་གསེར་ཁང་དུ་བརྩམས། རང་འགྱུར་ཡིན། བརྩམས་པའི་དུས་ནི་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དགུང་ལོ་ཉི་ཤུ་བཞེས་པར་ཁམས་སུ་བྱོན་ནས་གང་ཉིད་ལས་སྒྲ་དང་ལེགས་སྦྱར་གྱི་སྐད་ཡིག་བསླབས་ངེས་པས་དེ་དུས་ཏེ། ཕྱི་ལོ་༡༠༢༤ལོར་བརྩམས་པར་མཁས་པ་རྣམས་ཀྱིས་རྗེས་སུ་དཔོག་གོ། སྨྲ་སྒོ་མཛད་པ་པོ་སུ་ཡིན་ལ་བཞེད་པ་མི་འདྲ་བ་འགའ་ཡོད་པ་འདི་ལྟར། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་མཛད་པའི་ཚོགས་གསུམ་གསལ་བ་ལས། ཕྲད་འདུས་པ་ཞེས་པ་གང་ལ་ཞེས་པའི་ག་དང་ལ་སྦྱར་ཏེ་གལ་ཞེས་པ་དང་། ཅི་ཞིག་ན་ཞེས་པ་ཏེ་ན་ཞེས་པར་བསྒྱུར་བས་གལ་ཏེ་ན་ཞེས་པར་འགྱུར་རོ། །ཞེས་པ་འཆད་པ་ནི་མི་བཟད་པའི་རྫུན་གྱིས་ཉན་པ་པོ་མགོ་རྨོངས་པར་བྱེད་པ་སྟེ། ཞེས་དང་། གལ་དང་ཏེ་ཕྱེ་བའི་བཤད་པ་ནི་རྒྱལ་བ་ཞེས་པ་ལ་རྒྱལ་དང་བ་ཕྱེ་སྟེ་བཤད་པ་དང་འདྲའོ། །ཞེས་དང་། གང་ལྟར་དང་། ཅི་ལྟར་དང་། དེ་ལྟར་ཞེས་པ་ལ་སོགས་པའང་ཕྲད་གཉིས་ཡིན་ཞེས་འཆད་པ་རྣམས་ནི་བརྗོད་བྱས་སྟོང་པ་བརྗོད་པས་དོན་དུ་གཉེར་བ་རྣམས་མགོ་རྨོངས་པར་བྱས་པ་ཡིན་ནོ། །དེའི་ཕྱིར་སྨྲ་སྒོ་ནི་རྒྱ་གར་གྱི་པཎྜི་ཏས་བརྩམས་པ་མ་ཡིན་གྱི། བོད་ཀྱི་པཎྜི་ཏ་སྐྱེས་ཐོབ་ཀྱི་ཤེས་རབ་དགའ་ཚད་ཡོད་པ། མཁས་པར་རློམ་པ། བློ་གཟེག་པོ་ཞིག་གིས་ལེགས་ལེགས་འདྲ་བྱས་པར་སྣང་ངོ་། །ཞེས་དང་། སྨྲ་སྒོ་བོད་དུ་དར་ཕྱིན་ཆད་བྱུང་བའི་སྐད་གཉིས་སྨྲ་བ་རྣམས་ཀྱིས་ཀྱང་། སྒྲའི་གཞུང་ཆེ་བ་ཙཱནྡྲ་པ་དང་། ཀ་ལཱ་པ། མངོན་བརྗོད་འཆི་མེད་མཛོད་དེ་ཨ་མཱར་ཀོ་ཥ་ལ་སོགས་པས་ཆོས་སྐད་ཆགས་པ་དང་གཟིགས་རྟོག་ཚུད་པའི་སློབ་གཉེར་མ་མཛད་པས་སྨྲ་སྒོའི་མཚང་མ་ཤེས་པར་དེའི་ཚིགས་བཅད་བདེ་མོས་བསླུས་ཏེ། བསྟན་བཅོས་ཚད་ལྡན་དུ་བསམས་ནས་བསྡུས་དོན་དང་ཊཱིཀྐ་ལ་སོགས་པའི་ཆ་ལག་མཛད་སྣང་ངོ་། །ཞེས་མཁས་པ་སྨྲྀ་ཏིས་མཛད་པར་བཞེད་པ་ལྟ་ཅི། བོད་མཁས་པར་རློམ་པ་ཞིག་གིས་བརྩམས་ཞེས་ལེགས་ཆ་གཏན་མེད་པར་བཞེད་དོ། །རྣམ་གླིང་པཎ་ཆེན་གྱིས། དཔང་ལོས་དེ་ལྟར་གསུངས་པ་ནི། དུས་དེར་བསྟན་བཅོས་འདི་ཧ་ཅང་དར་ཆེ་བས། ཀ་ཙཱན་སོགས་གཞུང་ལུགས་ཆེན་པོ་རྣམས་ཀྱི་འཕྲིན་ལས་གནོད་པ་བྱུང་བར་བརྟེན། དགོངས་པ་ཅན་གྱི་གསུང་དེ་གནང་བ་ཡིན། ཞེས་མཁས་པ་འགའ་ཞིག་བཞེད་པ་དོན་ལ་གནས་ཤིང་། བསྟན་འགྱུར་དཀར་ཆག་སྒྲིག་མཁན་རྣམས་ཀྱིས་ཀྱང་སྨྲྀ་ཏིའི་ཡིན་ཤག་བྱས་པ་ལ། བོད་ཀྱི་མཁས་པ་རོང་ཟོམ་ཆོས་བཟང་དང་། པཎ་ཆེན་ཤཱཀྱ་མཆོག་ལྡན་སོགས་ཀྱིས་དེ་ལ་རྒྱས་འགྲེལ་བརྩམས་པའང་ཡོད། སྨྲྀ་ཏིའི་གསུང་ཡིན་མིན་ཨང་ལྟར་ཡང་། སུམ་རྟགས་དང་དགོངས་པ་ཕལ་ཆེར་མཐུན་ཞིང་བོད་ཀྱི་སྐད་ལ་ཉེ་བར་མཁོ་བ་དང་། ཚིག་གིས་དོན་སྟོན་པ་ལ་ཚིག་ཕན་ཚུན་སྦྱོར་དགོས་ཤིང་། དོན་གསལ་བར་སྟོན་པ་ལ་ཕྲད་དང་། འཕྲད་འདུས། ཚིག་རྒྱན་རྣམས་མེད་མི་རུང་གི་ཡན་ལག་ཡིན་པས་སྨྲ་སྒོའི་འཆད་ཚུལ་ལ་ལེགས་ཆ་ཤིན་ཏུ་མང་བར་བཞེད་དོ། །སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བའི་སུམ་རྟགས་འགྲེལ་པར་སྨྲ་སྒོ་རྩ་འགྲེལ་ལ་མི་འཐད་པ་ཤིན་ཏུ་མང་ཞིང་། མཁས་པ་གཞན་གྱིས་གནོད་བྱེད་བཀོད་པ་གནད་དུ་སོང་བའང་མང་བར་སྣང་བས་འཕགས་ཡུལ་མཁས་པའི་ལེགས་བཤད་ནི་མིན་པར་ངེས་ཞེས་གསུངས་པས་ན་རྩ་འགྲེལ་གཉིས་སྨྲྀ་ཏིའི་གསུང་དུ་ཞལ་གྱིས་མི་འཆེ་བར་སྣང་ངོ་། །འོན་ཀྱང་སུམ་ཅུ་པའི་སྐབས་སུ་འགའ་ཞིག་དྲངས་པ་སོགས་གཞུང་འདིའི་དོན་དང་སྐབས་འགར་མཐུན་པའི་ལེགས་བཤད་མང་དག་ཀྱང་འདུག་པས་རྣམ་པ་ཀུན་ཏུ་དོར་བྱ་མི་མ་ཡིན་ནོ། །ཞེས་པ་ནི་གཟུ་བོའི་བློས་དཔྱད་ཁུལ་གྱི་གཏམ་མོ། །བུ་སྟོན་རིན་པོ་ཆེའི་བསྟན་འགྱུར་དཀར་ཆག་དང་། སྡེ་དགེ་བསྟན་འགྱུར་དཀར་ཆག་རྣམས་སུ། སྨྲ་སྒོའི་རྩ་བ་སྨྲྀ་ཏིས་མཛད་པ་ཡིན་ཤག་ལ། འགྲེལ་པ་ཡང་སློབ་དཔོན་རང་ཉིད་ཀྱིས་མཛད་པ་ཡིན་ནམ་ཡང་ཟེར། རོང་ཟོམ་ཆོས་བཟང་གིས་བྱས་པ་ཡིན་ཀྱང་ཟེར་ཞེས་ཁ་ཚོན་མ་བཅད་དོ། །མཁས་པ་ཁ་ཅིག་རྩ་འགྲེལ་གཉིས་ཀ་བོད་ཀྱི་མཁས་པ་རོང་ཟོམ་ཆོས་བཟང་གིས་མཛད་པར་བཞེད་ཅེས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻ་དཀར་གཡའ་སེལ་ལས་བཤད། གང་ལྟར་ཡང་སྨྲ་སྒོའི་རྩ་བ་ནི་སྨྲྀ་ཏི་ལིང་ཆུ་གསེར་ཁབ་ཏུ་བྱོན་ནས་བརྩམས་པ་རང་འགྱུར་དུ་བྱས་པ་ཡིན་པར་བུ་སྟོན་ཆོས་འབྱུང་དུ་གསུངས་སོ། །ས་སྐྱ་པཎ་ཆེན་གྱི་བཀའ་རྩོམ་དུ་སྨྲ་སྒོ་ཚད་ལྡན་དུ་བཞེད་པའི་ཕྱོགས་ཡིན་པར་འདྲའོ། །རྒྱལ་དབང་ལྔ་པའི་དེབ་ཐེར་དང་། གུང་ཐང་བསྟན་པའི་སྒྲོན་མེའི་གསུང་། སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི་དག་ཡིག་རབ་གསལ་མེ་ལོང་གི་མཇུག་ཏུ། སྨྲ་སྒོ་མཚོན་ཆ་ནི་དཔང་ལོས་བརྡ་སྤྲོད་དང་མི་མཐུན་པའི་སྐྱོན་མང་བས་པཎྜིས་མ་མཛད། ཅེས་གསུངས་མོད་ཀྱང་། དེ་སྨྲྀ་ཏིས་མཛད་པར་མཁས་པ་མང་བོས་བཞེད་པ་དང་། དེ་རྒྱ་གར་གྱི་སྒྲ་གཞུང་དང་ཇི་བཞིན་མ་མཐུན་ཡང་བོད་ཀྱི་སྐད་ཙམ་ལ་མཐུན་ཕྱིར་བྱས་པ་དང་། དེ་ཉིད་འཕགས་ཡུལ་གྱི་པཎ་ཆེན་ཡིན་ཀྱང་། བོད་དུ་བྱོན་ནས་ཡུན་མི་རིང་བས་བོད་སྐད་ལ་ཆེར་མ་བྱང་བའང་སྲིད་པས། བོད་ཀྱི་དག་ཡིག་སོགས་དང་ཅུང་ཟད་མི་མཐུན་པ་གལ་ཏེ་སྲིད་ཀྱང་ཉེས་པ་ཆུང་ལ། གང་ལྟར་ཡང་དེའི་བརྗོད་བྱ་ཕལ་ཆེར་ནི་བོད་སྐད་ལ་ཉེ་བར་མཁོ་ངེས་ཡིན་པར་འདུག་པས། དེའི་ཡང་གནད་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་སྡོམ་ཚིག་རབ་གསལ་མེ་ལོང་ཞེས་བྱ་བ་མཆན་འགྲེལ་དང་བཅས་པ་འདི་ནི། ཞེས་བཀོད་པ་ནི་གཟུ་བོར་གནས་པའི་མཁས་པ་ཆེན་པོའི་གསུང་དུ་སྣང་ངོ་། །ཞེས་མཁས་དབང་ཚེ་ཏན་ཞབས་དྲུང་གིས་ཀྱང་སྨྲ་སྒོ་སྨྲྀ་ཏིས་མཛད་པའི་ཕྱོགས་སུ་བཞེད་དོ། །འདི་སྡེ་དགེ་བསྟན་འགྱུར་༼ཤེ༽པ་༢༧༧ནས་དབུ་བཙུགས་ནས། མཇུག་༢༨༢རྒྱབ་ན་རྫོགས་སོ། །