13054

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨྲྀ་ཏི་ཛྙཱ་ན་ཀིརྟི
Tibetan Definition (ལེགས་སྦྱར) སྨྲྀ་ཏི་ཛྙཱ་ན་ཀིརྟི་དང་། པཎྜི་ཏ་སྨྲྀ་ཏི་ཛྙཱ་ན། ཇོ་བོ་སྨྲྀ་ཏི་ཛྙཱ་ན་ཡང་ཟེར། བོད་སྐད་དུ་དྲན་པའི་ཡེ་ཤེས་གྲགས་པ་ནི། དུས་རབས་བཅུ་གཅིག་པའི་ནང་བྱོན་པའི་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཞིག་སྟེ། གྲུབ་ཆེན་ནཱ་རོ་པ་དང་ཡེ་ཤེས་སྙིང་པོ་གཉིས་ཀའི་སློབ་མ་ཡིན་པར་རྗེའི་རིམ་ལྔ་གསལ་སྒྲོན་ལས་གསུངས་ཤིང་། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་བླ་མ་ཡང་ཡིན་ནོ། །ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ། པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་དང༌། ཕྲ་ལ་རིང་བ་ཞེས་བྱ་བ་གཉིས་བལ་པོ་པད་མ་རུ་རྩེ་བྱ་བས་གདན་དྲངས་འོངས་བས་ལོ་ཙཱ་བ་བལ་པོ་ཕོ་ལོག་གིས་ཤི་སྟེ། པཎྜི་ཏ་གཉིས་པོས་སྐད་མི་མཁྱེན་ཅིང་གཙང་རྟ་ནག་ཏུ་ཁྱིམ་ཚང་ཞིག་གི་ལུག་རྫི་ཡང་མཛད། ཁོང་གིས་ཁྱིམ་དེའི་སྒོའི་ཡ་ཐེམ་ལ། རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན། །མཚན་མོ་མཁའ་ལོ་རྒྱུ་བ་མ་མཐོང་ནས། །དྭངས་པའི་མཚོ་ནང་འདི་ན་ཟླ་བ་ཞེས། །གཟུགས་བརྙན་ཟླ་བ་འཛིན་པ་ཤིན་ཏུ་འཁྲུལ། །ཞེས་བྲིས་ཡོད་པ་སྔོན་རྒྱ་གར་དུ་སྨྲྀ་ཏི་བླ་མར་བསྟེན་པའི་དཔྱལ་སེ་རྩ་ལོ་ཙཱ་བ་བསོད་ནམས་རྒྱལ་མཚན་གྱིས་མཐོང་སྟེ་རང་གི་བླ་མའི་ཕྱག་བྲིས་སུ་ངོ་ཤེས་ནས་འདི་སུས་བྲིས་དྲིས་པས། ངེད་ཀྱི་ཨ་བོ་ཐང་རྙེད་ཀྱིས་བྲིས་ཟེར། ད་ལྟ་གང་ན་ཡོད་དྲིས་པས། ལུག་རྫི་ལ་སོང་ཟེར། ལོ་ཙཱ་བས་ཁྱིམ་དེར་གསེར་བྱིན་ནས་སྨྲྀ་ཏི་བླུས། རང་གི་ཡུལ་སྨན་ལུང་དུ་གདན་དྲངས་ཏེ་ཆོས་ཞུས་ཤིང་། དེ་ནས་བཟུང་འཕྲིན་ལས་རྒྱས་ཤིང་། ཁམས་སུ་བྱོན་ནས་འདན་ཀློང་ཐང་དུ་མངོན་པ་མཛོད་ཀྱི་བཤད་པ་བཙུགས། ཕྱིས་བོད་ཀྱི་སྐད་ལ་བྱང་བར་ལོབས་པ་ན། ལིང་ཆུ་གསེར་ཁང་དུ་བྱོན་ཏེ་རྒྱ་གཞུང་དུ་མ་རང་འགྱུར་དུ་མཛད་སྐབས་སྒྲ་དང་སུམ་རྟགས་གང་ལ་ཡང་མཁོ་ཆེ་བའི་དག་ཡིག་སྨྲ་སྒོ་མཚོན་ཆ་ཞེས་བྱ་བ་བརྩམས་ནས་བོད་སྐད་དུ་རང་འགྱུར་མཛད། བརྩམས་པའི་དུས་ནི་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དགུང་ལོ་ཉི་ཤུ་བཞེས་པར་ཁམས་སུ་བྱོན་ནས་གང་ཉིད་ལས་སྒྲ་དང་ལེགས་སྦྱར་གྱི་སྐད་ཡིག་བསླབས་ངེས་པས་དེ་དུས་ཏེ། ཕྱི་ལོ་༡༠༢༤ལོར་བརྩམས་པར་རྗེས་སུ་དཔོག་གོ། དེ་ནས་གདན་བཞི་དང༌། འཇམ་དཔལ་གསལ་ལྡན་གྱི་སྐོར་དང༌། སྔགས་དོན་རྣམ་གཟིགས་ལ་སོགས་པ་རང་འགྱུར་མང་པོ་མཛད། རྒྱ་གར་མར་གྲགས་པའི་འགྲེལ་པ་ཉེར་གཅིག་གི་ནང་ཚན་གྱི་ཡུམ་གསུམ་དོན་བརྒྱད་ཀྱིས་མཐུན་པར་བསྟན་པ་དེ་ཁོང་གིས་མཛད་པར་གྲགས། དུས་ཕྱིས་མཉམ་མེད་ཇོ་བོ་རྗེ་ལྷ་གཅིག་བོད་དུ་བྱོན་སྐབས་ལུག་རྫི་མཛད་པའི་ཚུལ་གསན་པས། ཨ་ཙ་མ་ཁྱེད་བོད་བསོད་ནམས་རེ་ཆུང༌། ངེད་རྒྱ་གར་ཤར་ནུབ་གཉིས་ན་པཎྜི་ཏ་གཅིག་ལ་ཇོ་བོ་སྨྲྀ་ཏི་ཛྙཱ་ན་ལས་ལྷག་པ་མེད་གསུངས་ཕྱག་ཐལ་མོ་སྦྱར་ཏེ་སྤྱན་ཆབ་ཕྱུང་བར་བཞུགས་པའི་ལོ་རྒྱུས་ཀྱང་ཡོད་དོ། །