13095

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲིན་བལ་གྱི་སྤང་པ
Tibetan Definition (འདུལ་བ) སྤང་ལྟུང་སུམ་ཅུའི་བཅུ་གཅིག་པ། སྲིན་བལ་གྱི་སྤང་པའི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་སྲིན་བལ་གྱི་སྟན་བྱས་སམ་བྱེད་དུ་བཅུག་སྟེ། བྱེད་པ་མཐར་ཐུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་སྲིན་བལ་གྱི་སྟན་བྱས་པ་ལས་སྤང་པའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་འདོད་པ་ཆེས་པ་དང། དོན་དང་བྱ་བ་མང་བའོ། །འདིའི་སྲིན་བལ་ཞེས་པ་ཤིང་བལ་ལམ་ཕྱི་རྒྱལ་བས་ cotton ཟེར་བ་དེ་ལ་མི་གོ་བར། གོས་ཆེན་བཟོ་བྱེད་ཀྱི་རྒྱུ་སྲིན་བུའི་དར་སྐུད་ལ་གོ་དགོས། དེའི་རྒྱུ་མཚན་ནི་སྲིན་བུའི་དར་སྐུད་དང་ལུག་ནག་གི་བལ་རྣམས་ནི་དཀོན་ཞིང་རིན་ཐང་ཆེ་བས། དོན་དང་བྱ་བ་མང་བ་དང་ཁ་ཏོན་དང་རྣལ་འབྱོར་སོགས་ལ་གནོད་པའི་དགག་བྱ་ཡོད་པའི་ཕྱིར་རོ། །དེ་ཡང་ལུང་རྣམ་འབྱེད་༼ ཆ ༽༡༢༦བ༤ལས། དགེ་སློང་དག་སྲིན་བལ་གྱི་སྟན་སར་པ་བྱེད་པ་དང་། བྱེད་དུ་འཇུད་པ་ན་སྲིན་བལ་དཀོན་ཞིང་རིན་ཆེ་བས་བྱ་བ་མང་བ་དང་། བྱེད་པ་མང་བར་གྱུར་ཅིང་། ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་ཀྱང་གཏོང་བར་བྱེད། ཅེས་གསུངས་སོ། །སྲིན་བལ་གྱི་སྟན་ཞེས་པའི་སྟན་ཞེས་པའི་སྟན་དེ་ལ། སྤྱིར་བཏང་ནང་ཚངས་ཅན་དང་། རླིངས་པའི་ཕྱིང་པའི་སྟན་གཉིས་ཡོད་པ་ལས། འདིར་ནི་བསྒྲུབ་པའི་དཀའ་བ་རླིངས་པའི་སྟན་ཡིན་དགོས་ཤིང་། དེའི་རྒྱུ་མཚན་ནི་དེ་ཆེས་བཟོ་དཀའ་བས་ཡིན་ནོ། །དེ་ཡང་འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༢༠ན༥ལས། བླིངས་པ་ཡིན་པར་དགོངས་སོ་ཞེས་བྱ་བ་ནི་དེ་ཆེས་བྱ་བ་དཀའ་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །རླིངས་པ་དང་བླིངས་པ་ནི་ཕྱིང་པའི་རྣམ་པ་ལྟ་བུའི་སྟན་ལ་ཟེར་རོ། །