From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྲོང་བཙན་སྒམ་པོ
|
Tibetan Definition
|
(རྒྱལ་རབས) རྒྱལ་རབས་སོ་གསུམ་པ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི། ཡབ་གནམ་རི་སྲོང་བཙན་དང་ཡུམ་ཚེ་སྤོང་བཟའ་གཉིས་ཀྱི་སྲས་སུ་ (བུ་སྟོན་རིན་པོའི་རྗེས་སུ་འབྲངས་ཏེ་དགེ་འདུན་ཆོས་འཕེལ་གྱིས་སྲོང་བཙན་མེ་གླང་སྟེ) ཕྱི་ལོ་ (༦༡༧) འཁྲུངས་པར་བཤད། དགུང་ལོ་བཅུ་གསུམ་བཞེས་པ་ལྕགས་སྟག་སྟེ་ཕྱི་ལོ་ (༦༣༠) ལོར་ཁྲི་ལ་ཕེབས། མཐའི་རྒྱལ་ཕྲན་ཐམས་ཅད་དབང་དུ་འདུས་ཏེ་བོད་སྤྱི་ལ་དབང་བསྒྱུར་བའི་རྒྱལ་པོ་ཆེན་པོར་གྱུར། བོད་ཡིག་དང་། དམ་པའི་ཆོས་གཉིས་ཀའི་སྲོལ་གཏོད་པར་མཛད། ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་བཙུགས་ནས་རྒྱལ་སྲིད་བཟུང༌། བྷར་མའི་ Burma སྟོད་ཀྱི་ས་ཆ་རྣམས་བོད་ཀྱི་ཆབ་འོག་ཏུ་བཅུག་ཅིང་། བལ་ཡུལ་ Nepal ནི་སྲོང་བཙན་གྱི་སྐུ་ཚེའི་སྨད་ལ་ཆབ་འོག་ཏུ་བཅུག་ནས། སྲོང་བཙན་སྒམ་པོ་ནས་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་བར་རྒྱལ་ཐོག་ལྔའི་རིང་ལ་མངའ་ཞབས་སུ་གནས། བོད་རྗེ་འདུས་སྲོང་མང་པོ་རྗེ་དང་དུས་མཉམ་པའི་བལ་རྒྱལ་ “ན་རནྡྲ་དེ་ཝ” མི་དབང་ལྷའི་སྲས་གཙུགས་པའི་ “ཤཱི་ལ་དེ་ཝིའི” རྡོ་རིང་ལའང་བོད་ལ་དཔྱ་ཁྲལ་ཕུལ་བའི་ལོ་རྒྱུས་ཀྱང་གསལ་ཡོད། རྒྱ་གར་གྱི་ “ཏི་ར་ཧི་ཏ” ཡང་ཐོག་མར་རྒྱལ་པོ་འདིས་བཟུང་། ཏི་ར་ཧི་ཏ་ནི་གངྒཱའི་བྱང་ནས་རི་ནག་པོ་རྒྱུད་ལ་ཐུག་གི་བར་གྱི་ཡུལ་སྤྱི་ལ་ཟེར། བལ་པོའི་རྒྱལ་པོ་འོད་ཟེར་གོ་ཆའི་སྲས་མོ་བལ་མོ་ཁྲི་བཙུན་ནམ་ “བྷྲི་ཀུཊེ” ཁབ་ཏུ་བཞེས་པས་དེས་ལྷ་མི་བསྐྱོད་རྡོ་རྗེ་དགུང་ལོ་བརྒྱད་པའི་སྐུ་ཚད་ཅན་སྤྱན་དྲངས། རྒྱ་ནག་གི་རྒྱལ་པོ་ཐང་ཐའི་ཛུང་གི་ (ཚ་མོ) སྲས་མོ་ཝེན་ཅིང་ཀོང་ཇོ་ (རྒྱལ་པོ་དགུང་ལོ་ཉེར་ལྔ་བཞེས་པ་ཆུ་སྟག་སྟེ་ཕྱི་ལོ་༦༤༢ལོར་) བཙུན་མོར་བཞེས་ཏེ། དེས་འཕྲུལ་སྣང་གི་ཇོ་བོ་དགུང་ལོ་བཅུ་གཉིས་པའི་ཚད་ཅན་གདན་དྲངས། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དང༌། རྒྱ་གར་གྱི་རྒྱལ་པོ་ཤྲཱི་ཧརྵ་དང༌། སློབ་དཔོན་ཕྱོགས་ཀྱི་གླང་པོ་དང༌། རྒྱ་གར་གྱི་སྙན་ངག་མཁན་གྲགས་ཅན་ནག་མོ་ཁོལ་ལམ་ཀཱ་ལི་ད་ས་དང༌། དབྱུག་པ་ཅན་ནམ་དཎྜི་དང༌། ཐང་གུར་གྱི་གོང་མ་ཐང་ཐའི་ཙུང་དང༌། ཁ་ཆེའི་སྟོན་པ་མོ་ཧ་མ་ཏ་རྣམས་དུས་མཚུངས་པར་བྱོན་པར་བཤད་དོ། །རྒྱལ་པོ་དེས་ལོ་དྲུག་ཅུ་རྩ་དགུར་རྒྱལ་སྲིད་བཟུང་སྟེ། དགུང་གྲངས་བརྒྱད་ཅུ་རྩ་གཉིས་ཐོག་ཕྱི་ལོ་ (༦༩༨) ལོར་སྐུ་གཤེགས་པར་བཤད་ཀྱང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དེབ་ཐེར་དཀར་པོར་ (ལྕགས་ཕག་སྟེ་ཕྱི་ལོ་༦༥༡ལོར་རྒྱལ་པོ་དགུང་གྲངས་སུམ་ཅུ་སོ་བཞི་༣༤བཞེས་པ་ན་སྐུ་གཤེགས་པར་བཤད་དོ) སྲོང་བཙན་སྒམ་པོའི་སྐུ་པུར་བཞུགས་པའི་བང་སོ་ནི་འཕྱོངས་རྒྱས་ནང་། དོན་མཁར་མདོར་ཡོད་པ་དང་། རྒྱ་བཟའི་སྐུ་དམར་གདུང་ཡིན་ཟེར་བ་རས་སྒྲིལ་དམ་འབྱར་མ་ཞིག་ནི་ཕ་བོང་ཁའི་རི་ཁྲོད་དུ་མཇལ་རྒྱུ་འདུག ཅེས་ཞྭ་སྒབ་པའི་རྒྱལ་རབ་༡༥༦ན་གསལ། ལོ་རྒྱུས་ངོ་མཚར་བ་ཞིག་ལ། ལྷ་སའི་ཇོ་ཁང་གི་ནང་དུ། སྲོང་བཙན་སྒམ་པོའི་སྐུ་འདྲ་རྒྱལ་པོ་རང་ཉིད་ཀྱིས་རབ་གནས་མཛད་པ་ཞིག་ཡོད་པ་དེས། འཕགས་པ་ལོ་ཀཱི་ཤྭ་ར་གར་བཞུགས་སུ་ཞལ་སྟོན་པར་མཛད་པའི་བྱིན་རླབས་ཀྱི་ཕུང་པོ་ངོ་མཚར་བ་ཞིག་ཡོད་ཚུལ། ༸རྒྱལ་མཆོག་ལྔ་པ་ཆེན་པོའི་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་དཀར་ཆག་ཤེལ་དཀར་མེ་ལོང་༢༡བ༡ལས་གསུངས། སྲོང་བཙན་སྒམ་པོའི་འདྲ་སྐུའི་ལོ་རྒྱུས་ངོ་མཚར་བ་ཞིག་འདུག་པ་འདི་ལྟར། ལྷ་སའི་ཇོ་ཁང་གི་སྲོང་བཙན་གྱི་སྐུ་དེས་སྒོ་མང་གི་སྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་གྲུབ་ལ་ཡང་ཡང་གསུང་འབྱོན་གྱི་ཡོད་སྐོར་ཁོང་གི་རྣམ་ཐར་རྗེ་གུང་ཐང་པས་མཛད་པ་ན་གསལ། དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོ་ལས། རགས་པའི་དུས་བསྒྲིགས་ན། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དང་། རྒྱ་གར་གྱི་རྒྱལ་པོ་ཤྲཱི་ཧརྵ་དང་། སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོ་དང་། ནག་མོ་ཁོལ་དང་། དབྱུགས་པ་ཅན་དང་། ཐང་གུར་གྱི་གོང་མ་ཐེ་ཙུང་དང་། ཏ་ཟིག་གི་གོང་མ་ཡཻཥིྚ་གེརྡ་རྣམས་དུས་མཉམ་ཞིང་། ཁ་ཆེ་རྣམས་ཀྱི་སྟོན་པ་སྦྲང་རྩི་བློ་གྲོས་ཀྱང་འདི་དག་དང་དུས་མཚུངས་སོ། ། (སྟོན་པ་འདི་ལ་ཁ་ཆེའི་རང་སྐད་དུ་མོ་ཧ་མ་ཏ་ཞེས་འབོད་པ་རྒྱ་སྐད་དུ་ཟུར་ཆག་ནས་མ་དྷུ་མ་ཏི་ཞེས་བྲིས་པ་དེ་སྦྲང་རྩིའི་བློ་གྲོས་ཞེས་བསྒྱུར་བ་འདུག) ཅེས་གསུངས་སོ། །འགོས་ལོའི་དེབ་ཐེར་སྔོན་པོར་སྲོང་བཙན་དགུང་ལོ་བརྒྱད་ཅུ་གྱ་གཉིས་བཞུགས་པར་བཞེད་པ་དང་། དགེ་ཆོས་ཀྱིས་བུ་སྟོན་གྱི་རྗེས་སུ་འབྲངས་ཏེ་སུམ་ཅུ་སོ་བཞི་བཞུགས་པར་བཤད་པའི་ལུགས་གཉིས་ཡོད་པས། འཁྲུངས་འདས་ལོ་ཚིགས་ཕྱི་ལོ་ (༦༡༧-༦༩༩) ཡང་ན། (༦༡༧-༦༥༡)
|