From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཨེ་ཝཾ
|
Tibetan Definition
|
(ལེགས་སྦྱར) འདི་སྐད། (དགེ་ལུགས) ཐབས་ཤེས་དབྱེར་མེད་ཀྱི་ཡེ་ཤེས་མཚོན་པའི་ཡི་གེ་ཞིག དེ་ཡང་ཨེའི་དོན་ནི། ཤེས་རབ་སྟོང་པ་ཉིད་དང༌། ཝའི་དོན་ནི་ཐབས་བདེ་བ་ཆེན་པོའི་ཡེ་ཤེས། ཐིག་ལེའི་དོན་ནི། ཐབས་ཤེས་དེ་གཉིས་དབྱེར་མེད་དུ་སྦྱོར་བའོ། །དེ་ལ་དབྱེ་ན། ཐོབ་བྱ་འབྲས་བུའི་ཨེ་ཝཾ། ཐོབ་བྱེད་ལམ་གྱི་ཨེ་ཝཾ། འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་དང་གསུམ་མོ། །དང་པོ་ཐོབ་བྱ་འབྲས་བུའི་ཨེ་ཝཾ་གྱི་དབང་དུ་བྱས་ན། ཨེས་རྒྱུད་གསུངས་པའི་གནས། ཝཾ་གྱིས་རྒྱུད་སྟོན་པ་པོ་བསྟན། མདོར་ན་ཨེ་ཝཾ་གྱིས་གནས་དང་སྟོན་པ་བསྟན་པ་ཡིན་ནོ། །གཉིས་པ་ཐོབ་བྱེད་ལམ་གྱི་ཨེ་ཝཾ་གྱི་དབང་དུ་བྱས་ན། ཨེའི་དོན་ནི། ཤེས་རབ་སྟོང་པ་ཉིད་དང༌། ཝཾའི་དོན་ནི་ཐབས་བདེ་བ་ཆེན་པོ། ཐིག་ལེའི་དོན་ནི། ཐབས་དེ་གཉིས་དབྱེར་མེད་དུ་སྦྱོར་བའོ། །འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་གྱི་དབང་དུ་བྱས་ན། ཨེའི་དོན་ནི། ཡུམ་གྱི་བྷ་ག། ཝའི་དོན་ནི་ཡབ་ཀྱི་རྡོ་རྗེ། ཐིག་ལེའི་དོན་ནི། སྣ་ཚོགས་པའི་སྤྲུལ་པ་སྟོན་པར་བྱེད་པའི་རྡོ་རྗེ་སེམས་དཔའོ། །ཡབ་ཡུམ་གྱི་རྟགས་ཀྱི་ཨེ་ཝཾ་གཉིས་སྦྱར་བས་ལམ་གྱི་ཨེ་ཝཾ་འདྲེན་པའི་ཐབས་བསྟན། རྒྱས་པ་རིམ་ལྔ་གསལ་སྒྲོན་ན་གསལ། ཡང་ཚིག་རིས་ཅུང་ཟད་མི་འདྲ་བ་ཞིག་ལ། ཨེས་ (ཤེས་རབ་མའི་སྐྱེ་གནས་དང་འདྲ་བའི) ཆོས་འབྱུང༌། ཝཾ་གྱིས་དེའི་ནང་གི་དཀྱིལ་འཁོར་མཚོན་པར་བཤད་དོ། །མདོར་ན་ཨེ་ཝཾ་གྱིས་རྒྱུད་གང་དུ་གསུངས་པའི་གནས་བསྟན་ཏོ། །དེ་ཡང་གཞན་ཡང་ཨེ་ཝཾ་དེ་རྩ་བ་ཆེན་པོ་ཡིན་པའི་རྒྱུ་མཚན་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཀྱི་བཞོན་པར་གྱུར་པའི་རླུང་དེ་ལ་རགས་ལས་ཤིང༌། དེ་ལྟ་བུའི་རླུང་དེ་ཡང་བསྡུ་ན། དབྱངས་དང་གསལ་བྱེད་ཀྱི་རང་གདངས་ལ་འདུས། དེ་ཡང་ༀ་ཨཱཿཧཱུྃ་གསུམ་ལ་འདུས། དེ་ཡང་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་ངོ་བོ་ཨེ་ཝཾ་ལ་འདུས་པས།། ཨེ་ཝཾ་དེ་རྩ་བ་ཆེ་བའི་རྒྱུ་མཚན་ཡང་དེ་ཡིན་པར་ཀློང་རྡོལ་བླ་མ་སོགས་གསུང་ངོ༌། (བཀའ་བརྒྱུད) སྣང་སྟོང་ཟུང་འཇུག རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཨེ་ཡིག་གི་དོན་དང༌། ཁྱད་ཆོས་གསུམ་ལྡན་གྱི་དེ་བཞིན་ཉིད་ནི་ཝཾ་ཡིག་གི་དོན་ཏེ། ཁྱད་ཆོས་གསུམ་ནི། རང་བཞིན་འགྱུར་བ་མེད་པ། རང་རིག་པའི་མཚན་ཉིད་ཅན། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་གསུམ་མོ། །
|