13404

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨོ་རྒྱན་གྱི་ཡུལ
Tibetan Definition 4 ཡང་འགའ་ཞིག་གིས། ཨཕ་གྷ་ནིསྠན་ (Afghanistan) དང་། རྒྱ་གར་གྱི་ཀསྨིར་གཉིས་ཀྱི་བར་ན་ཡོད་པའི་ཚོད་དཔག་བྱེད་མཁན་ཡང་ཡོད། ཨཕ་གྷ་ནིསྠན་གྱི་ཡུལ་དུ་གནའ་བོ་ནང་པའི་བསྟན་པ་དར་བའི་མངོན་རྟགས་ཆེ་ཤོས་ནི། བྲག་རི་ལ་བརྐོས་པའི་སངས་རྒྱས་ཀྱི་སྐུ་བརྙན་ཐོག་བརྩེགས་མང་པོ་ཅན་རེ་ཟུང་ཉེ་དུས་ (ཕྱི་ལོ་༢༠༠༡) བར་མངོན་སུམ་དུ་མཇལ་རྒྱུ་ཡོད་པ་དེ་ལྟར་ལགས་ཀྱང་། ཨི་སི་ལམ་ཆོས་ལུགས་ཀྱི་འཇིགས་སྐུལ་རིང་ལུགས་པ་ “ཐ་ལེ་བྷན” ཞེས་བྱ་བ་གདུག་རྩུབ་ཆེ་ཞིང་རང་གི་ཆོས་ལུགས་མ་གཏོགས་ཆོས་ལུགས་གཞན་གང་ལའང་བརྩི་བཀུར་སྤུ་ཙམ་མེད་པའི་ཀླ་ཀློའི་རིགས་དེ་དག་ལ་འཇའ་པཱན་ (Japan)སོགས་ནང་པའི་རྒྱལ་ཁབ་མང་པོས་ཞུ་འཐེན་རེ་སྐུལ་ཇི་ཙམ་བྱས་ཀྱང་བཟློག་མ་ཐུབ་པར་སངས་རྒྱས་ཀྱི་སྐུ་ལ་ངན་སེམས་ཀྱིས་མེ་མདའ་བརྒྱབ་ནས་ཞིག་རུལ་ཏུ་བཏང་། གཏོར་བཤིག་གཏོང་བའི་གནས་ཚུལ་ཙམ་གཟུགས་མཐོང་གློག་འཕྲིན་བརྒྱུད་རྒྱང་བསྲིངས་བྱས་སོང་། དེ་ནས་རིང་པོར་མ་ལོན་པར་ལས་ངན་གྱི་འབྲས་བུ་རང་ཐོག་ཏུ་སྨིན་ཏེ་ཨ་རིའི་དྲག་པོའི་དཔུང་དམག་གིས་ཨཕ་གྷ་ནིསྠན་ནང་དཔུང་འཇུག་བྱས་ཏེ་ཁོང་ཅག་ལ་བློ་ཡུལ་ལས་འདས་པའི་གཏོར་རྒོལ་བྱས་ཏེ་འཛམ་གླིང་ཡུལ་གྲུ་ཐམས་ཅད་ཀྱིས་ཁོང་ཚོར་སྙིང་ཚིམ་བྱས་པའི་གནས་ཚུལ་བྱུང་བ་རེད། རང་གི་སྟོན་པ་དང་ཆོས་ལུགས་ལ་ངན་སྨྲས་ཅུང་ཟད་བྱེད་མཁན་བྱུང་ན་དམར་གསོད་གཏོང་རྒྱུའི་ཉེན་བརྡ་གཏོང་ཞིང་། གཞན་གྱི་ཆོས་ལུགས་དང་སྟོན་པའི་སྐུ་བརྙན་རྩ་ཆེ་དེ་དག་གཏོར་བཤིག་གཏོང་བར་ཡ་ང་བག་ཚ་ཅུང་ཟད་ཀྱང་མེད་པ་འདི་ཡང་། ཀུན་གྱི་མདུན་དུ་རང་ཉིད་བློ་གཟུ་བོར་མི་གནས་ཤིང་ཀླ་ཀློའི་ངང་ཚུལ་ཡིན་པར་གསལ་བར་བསྟན་པ་ཡིན་ནོ། །ཁོང་ཅག་ལ་འཛམ་གླིང་མི་དམངས་ཀྱི་རྒྱབ་སྐྱོར་མི་ཐོབ་པའང་རྒྱུ་མཚན་དེ་དག་ལ་བརྟེན་ནས་ཡིན་ནོ། །དེང་སང་ནི་སྲིད་གཞུང་གསར་པའི་དེ་དག་སླར་གསོ་བྱེད་རྒྱུའི་འཆར་གཞི་བཀོད་ཀྱི་ཡོད་འདུག ཕྱི་ལོ་༢༠༠༤ཕྱི་ཟླ་བཅུ་གཉིས་པའི་དུས་དེབ་National Geographic ཞེས་པའི་ནང་། བྲག་ངོས་སུ་བརྐོས་པའི་སངས་རྒྱས་ཀྱི་སྐུ་བརྙན་དེ་དག་དང་ཉེ་འཁོར་གྱི་བྲག་ཕུག་གི་དགོན་པ་རྣམས་ནང་པའི་དགེ་འདུན་པ་རྣམས་ཀྱིས་སྤྱི་ལོའི་དུས་རབས་ལྔ་པའི་ནང་བཞེངས་པའི་གནས་ཚུལ་འཁོད་འདུག མདོར་ན་ཨོ་རྒྱན་གྱི་ཡུལ་ངོས་འཛིན་བྱེད་ཚུལ་མི་འདྲ་བ་གསུམ་བཞི་ཙམ་སྣང་བ་དེ་དག་ལས། དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ཉིད་ཡིད་ཆེས་པའི་གནས་སུ་མཐོང་ངོ་། །