13409

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨཾ་ག
Tibetan Definition (འདུལ་བ) (ལེགས་སྦྱར) ཨང་ག་ཞེས་ཀྱང་འབྲི་བར་བྱེད། དེ་ནི་དེང་སང་གི་Bhagalpur ཞེས་པའི་གྲོང་ཁྱེར་དེ་ལ་ངོས་འཛིན་བྱེད་པར་སྣང་ཞིང༌། Bhagalpur ནི་ཝི་ཧཱར་མངའ་སྡེའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཞིག་གི་མིང་ཡིན། སྔོན་ཡབ་ཟས་གཙང་གི་དུས་སུ་ཨཾ་གའི་ཡུལ་དེ་ཉིད་ཉེ་འཁོར་གྱི་རྒྱལ་ཕྲན་དེ་དག་ཐམས་ཅད་ལས་གཡུལ་དམག་གི་སྒོ་ནས་སྟོབས་ཆེ་ཤོས་སུ་ཡོད་ཅིང་། ཨང་གའི་རྒྱལ་པོས་མ་ག་དྷའི་རྒྱལ་པོ་པདྨ་ཆེན་པོ་ (རྒྱལ་པོ་པདྨ་ཆེན་པོ་ནི་ནང་པའི་རྒྱལ་པོ་དང་པོ་གཟུགས་ཅན་སྙིང་པོའི་ཡབ་ཡིན) ཡང་དམག་གིས་བསྡིགས་ཤིང་སྤ་བཀོང་སྟེ་ལོ་ཐང་དང་དཔྱ་ཕབ་པའི་ལོ་རྒྱུས་ཡོད། འོན་ཀྱང་ཕྱིས་རྒྱལ་པོ་གཟུགས་ཅན་སྙིང་པོས་ཨང་གའི་རྒྱལ་པོ་བསད་ནས་མ་ག་དྷ་སྟོབས་ཧ་ཅང་ཆེན་པོར་གྱུར་པའི་ལོ་རྒྱུས་འདུལ་བ་ལུང་གཞི་༼ ཀ ༽༢ན༣ན་གསལ་ལོ། །སྔོན་རྒྱ་གར་ན་གྲོང་ཁྱེར་ཆེན་པོ་དྲུག་ཏུ་གྲགས་པའི་ཡ་གྱལ། ཙམ་པ་ཞེས་པ་ཡང་ཨང་གའི་གྲོང་ཁྱེར་ཡིན་ཏེ། འདུལ་བ་ལུང་གཞི་༼ ཀ ༽༦ན༣ལས། གཞོན་ནུ་གཟུགས་ཅན་སྙིང་པོས་ཨང་གའི་རྒྱལ་པོ་བསད་དེ་གྲོང་ཁྱེར་ཙམ་པ་རང་གི་ལག་ཏུ་ཐོབ་ནས། ཞེས་གསུངས་སོ། །གཞན་ཡང་སྔོན་རྒྱལ་བུ་གཞོན་ནུ་དོན་གྲུབ་བཟོ་བོའི་གནས་ལ་མཁས་པར་སྦྱངས་ཏེ་སྒྱུ་རྩལ་འགྲན་པའི་གནས་ཀྱང་ཡིན་པར་གསུངས་ཏེ། མཛད་བཅུ་ལས། གཞོན་ནུ་སྟོབས་ལྡན་མི་ཡིས་སེང་གེ་དེས། །ཨཾ་ག་མ་ག་དྷར་ནི་སྒྱུ་རྩལ་བསྟན། །སྐྱེ་བོ་དྲེགས་པ་ཅན་རྣམས་ཚར་བཅད་ནས། །འགྲན་ཟླ་མེད་པར་མཛད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །