1437

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་འདུས་བསྐྱེད་རིམ་གྱི་དོན་བསྡུས
Tibetan Definition (གསང་སྔགས) དཔལ་གསང་བ་འདུས་པའི་བསྐྱེད་རིམ་གྱི་ཆོ་ག་རྒྱས་པ་ལ་ཆིངས་བཞི། བསྐྱེད་རིམ་གྱི་ཆོ་ག་བསྡུས་པ་ལ་ཆིངས་གཉིས་ཏེ་ཆིངས་དྲུག་གོ། དང་པོ་ཆིངས་བཞི་ནི། ༡ བསྙེན་སྒྲུབ་ཡན་ལག་བཞིའི་ཆིངས། ༢ རྣལ་འབྱོར་དྲུག་གི་ཆིངས། ༣ ཏིང་ངེ་འཛིན་གསུམ་གྱི་ཆིངས། ༤ དེ་ཉིད་ཞེ་དགུའི་ཆིངས་ཏེ་བཞིའོ། །བསྙེན་སྒྲུབ་ཡན་ལག་བཞི་ནི། བསྙེན་པ། ཉེར་སྒྲུབ། སྒྲུབ་པ། སྒྲུབ་ཆེན་དང་བཞིའོ། །རྣལ་འབྱོར་དྲུག་ནི། རྣལ་འབྱོར། རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོ། དཀྱིལ་འཁོར་རྒྱལ་མཆོག ལས་རྒྱལ་མཆོག་གི་རྣལ་འབྱོར་དང་དྲུག་གོ། ཏིང་ངེ་འཛིན་གསུམ་ནི། དང་པོ་སྦྱོར་བའི་ཏིང་ངེ་འཛིན། དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན། ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་དང་གསུམ་རྣམས་སོ། །དེ་ཉིད་ཞེ་དགུ་ནི། ༡ གང་དུ་བསྒོམ་པ་གནས་ཀྱི་དེ་ཉིད། ༢ ཚོགས་ཞིང་སྤྱན་དྲངས་ནས་སྡོམ་པ་བཟུང་བ་སྙིང་རྗེ་ཆེན་པོ་ལ་དམིགས་པའི་དེ་ཉིད། ༣ སྲུང་འཁོར་གྱི་གཙོ་བོ་བསྐྱེད་པའི་དེ་ཉིད། ༤ འཁོར་གྱི་ཁྲོ་བོ་བསྐྱེད་པའི་དེ་ཉིད། ༥ བགེགས་ལ་ཕུར་བུ་གདབ་པའི་དེ་ཉིད། ༦ ར་བ་སོགས་བསྲུང་བའི་དེ་ཉིད། ༧ ཡེ་ཤེས་ཀྱི་ས་བསྒོམ་པའི་དེ་ཉིད། ༨ རྡོ་རྗེའི་ས་ཡི་ཆ་བསྐྱེད་པའི་དེ་ཉིད། ༩ རྟེན་གཞལ་ཡས་ཁང་བསྐྱེད་པའི་དེ་ཉིད། ༡༠ བརྟེན་པ་ལྷག་མོས་ཀྱི་ལྷ་ཡི་འཁོར་ལོ་འགོད་པའི་དེ་ཉིད། ༡༡ ལྷག་མོས་ཀྱི་དཀྱིལ་འཁོར་ལུས་ལ་སྡུད་པའི་དེ་ཉིད། ༡༢ འཆི་བ་ཆོས་སྐུར་འཁྱེར་བའི་ལམ་འཁྱེར་ལྷག་མོས་འོད་གསལ་དུ་འཇུག་པའི་དེ་ཉིད། ༡༣ ཉི་མ་སོགས་ལ་དམིགས་པ་ལྡང་བའི་དེ་ཉིད། ༡༤ ཟླ་བ་ལ་ང་རྒྱལ་འཛིན་ནས་ཟླ་བ་ལ་དམིགས་པའི་དེ་ཉིད། ༡༥ ཡེ་ཤེས་ཙམ་ལ་སྙོམས་པར་འཇུག་པའི་དེ་ཉིད། ༡༦ ཟླ་ཉི་ས་བོན་ཕྱག་མཚན་སྐུ་རྫོགས་པ་སྟེ་མངོན་བྱང་ལྔ་ལས་བར་དོ་ལོངས་སྐུར་འཁྱེར་བ་དང་པོའི་མགོན་པོ་བསྐྱེད་པའི་དེ་ཉིད། ༡༧ སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་ལམ་འཁྱེར་དང་པོའི་མགོན་པོ་སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བའི་དེ་ཉིད། ༡༨ ལུས་རྟེན་གཞལ་ཡས་ཁང་དུ་བསྒོམ་པའི་དེ་ཉིད། ༡༩ ཕུང་པོ་ལྔ་གཤེགས་པར་བསྒོམ་པའི་དེ་ཉིད། ༢༠ ཁམས་བཞི་གཤེགས་མར་བསྒོམ་པའི་དེ་ཉིད། ༢༡ མིག་སོགས་སེམས་པར་བསྒོམ་པའི་དེ་ཉིད། ༢༢ གཟུགས་སོགས་སེམས་མར་བསྒོམ་པའི་དེ་ཉིད། ༢༣ ཡན་ལག་ཁྲོ་བོར་བསྒོམ་པའི་དེ་ཉིད། ༢༤ སྐུ་བྱིན་གྱིས་བརླབས་པའི་དེ་ཉིད། ༢༥ གསུང་བྱིན་གྱིས་བརླབས་པའི་དེ་ཉིད། ༢༦ ཐུགས་བྱིན་གྱིས་བརླབས་པའི་དེ་ཉིད། ༢༧ སྐུ་གསུང་ཐུགས་ཐུན་མོང་དུ་བྱིན་གྱིས་བརླབས་པའི་དེ་ཉིད། ༢༨ དམ་ཚིག་སེམས་དཔའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བསྒོམ་པའི་དེ་ཉིད། ༢༩ དེ་ཡི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་བསྒོམ་པའི་དེ་ཉིད། ༣༠ རིག་མ་འདུ་བྱ་བའི་དེ་ཉིད། ༣༡ རྗེས་སུ་ཆགས་པའི་དེ་ཉིད། ༣༢ མཆོད་པའི་དེ་ཉིད། (འདི་ཡན་དེ་ཉིད་སུམ་ཅུ་སོ་གཉིས་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནོ) བསྐྱེད་པའི་སྒོ། སྤྲོ་བའི་སྒོ། སྤྱི་སྒོས་ཀྱི་མཛད་པ་མཛད་པའི་སྒོ། བསྡུ་བའི་སྒོ། དབྱེར་མེད་དུ་འདྲེས་པའི་སྒོ། དབང་བསྐུར་བའི་སྒོ། ༣༣ རང་གནས་སུ་འཁོད་པའི་སྒོ་སྟེ་སྒོ་བདུན་གྱིས་གཤེགས་པ་དབྱུང་བའི་དེ་ཉིད། ༣༤ གཤེགས་མ་དབྱུང་བའི་དེ་ཉིད། ༣༥ སེམས་མ་དབྱུང་བའི་དེ་ཉིད། ༣༦ སེམས་དཔའ་དབྱུང་བའི་དེ་ཉིད། ༣༧ ཁྲོ་བོ་དབྱུང་བའི་དེ་ཉིད། (འདི་ཡན་དེ་ཉིད་ལྔ་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་ནོ) ༣༨ སྟེང་སྒོར་ཕྱག་མཚན་བསྒོམ་པའི་དེ་ཉིད། ༣༩ འོག་སྒོར་ཐིག་ལེ་ཕྲ་མོ་བསྒོམ་པའི་དེ་ཉིད། ༤༠ ཡིད་བཟླས་ཀྱི་དེ་ཉིད། ༤༡ ངག་བཟླས་ཀྱི་དེ་ཉིད། ༤༢ གཙོ་བོ་འོད་གསལ་དུ་ཞུགས་པའི་དེ་ཉིད། ༤༣ འོད་གསལ་ལས་ལྡང་བའི་དེ་ཉིད། ༤༤ མཆོད་བསྟོད་ཀྱི་དེ་ཉིད། ༤༥ ཉེ་བར་བསྡུ་བའི་དེ་ཉིད། ༤༦ ཁ་ཟས་ཀྱི་དེ་ཉིད། ༤༧ ལུས་བརྟས་པར་བྱེད་པའི་དེ་ཉིད། ༤༨ དངོས་གྲུབ་ཆུང་ངུ་ཞི་རྒྱས་དབང་དྲག་གི་ལས་བཞི་སྒྲུབ་པའི་དེ་ཉིད་དང་དེ་ཉིད་ཞེ་དགུའོ། ། (འདི་ཡན་གྱི་དེ་ཉིད་བཅུ་གཉིས་ནི་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ནོ) ཆོ་ག་བསྡུས་པའི་ཆིངས་གཉིས་ནི། ༡ རྡོ་རྗེ་བཞི་ཡི་ཆིངས། ༢ རྣལ་འབྱོར་བཞི་ཡི་ཆིངས་ཏེ་གཉིས་སོ། །རྡོ་རྗེ་བཞི་ནི། སྟོང་ཉིད་བྱང་ཆུབ་རྡོ་རྗེ། ས་བོན་བསྡུས་པའི་རྡོ་རྗེ། གཟུགས་ཉིད་རྫོགས་པའི་རྡོ་རྗེ། ཡི་གེ་འགོད་པའི་རྡོ་རྗེ་དང་བཞིའོ། །རྣལ་འབྱོར་བཞི་ནི། རྣལ་འབྱོར། རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོ་དང་བཞིའོ། །དངོས་གྲུབ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་ནི་གསང་འདུས་རྫོགས་རིམ་ཡོངས་རྫོགས་ལ་བྱེད་པ་ཡིན་ནོ། །གོང་གི་དེ་གསང་འདུས་འཕགས་ལུགས་ཀྱི་བསྐྱེད་རིམ་གཞིར་བཞག་བྱས་སོ། །