From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གསང་འདུས་འཕགས་ལུགས
|
Tibetan Definition
|
(གསང་སྔགས) འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་མན་ངག་ལས་བྱུང་བའི་གསང་བ་འདུས་པའི་ཆོས་སྐོར་དང༌། དེའི་ཡི་དམ་བཅས་ཀྱི་མིང་། གསང་འདུས་འཕགས་ལུགས་ནི་ཡོངས་གྲགས་ཀྱི་གསང་བ་འདུས་པ་དེ་ཡིན། འདི་ལ་ཡབ་ཡུམ་སོ་སོར་བགྲངས་ན་ལྷ་སོ་གཉིས་ཡོད། སྐུ་མདོག་ཕྱག་མཚན་སོགས་ཀྱི་མཚོན་དོན་ནི། ཞལ་ལ་ནག་དཀར་དམར་བའི་ཁ་དོག་སྣ་ཚོགས་པ་ཡོད་པ་དེས། སྲོག་འཛིན་གྱི་རླུང་ལ་ཁ་དོག་སྣ་ཚོགས་ཡོད་པ་དེ་མཚོན་ཞིང༌། སྒྱུ་ལུས་རྩལ་དུ་འདོན་པས་རྩ་ཞལ་ནག་པོ་བྱས། གཡས་ཞལ་གྱིས་སྒྱུ་ལུས་དང་རོ་མ་དཀར་མོ་སྟེ་ར་ས་ནཱ། གཡོན་གྱིས་འོད་གསལ་དང་རྐྱང་མ་དམར་མོ་སྟེ་ལ་ལཱ་ན། རྩ་ཞལ་གྱིས་ཟུང་འཇུག་དང་རྩ་དབུ་མ་མཚོན། ཡང་དཀར་པོས་སྣང་བ། དམར་པོས་མཆེད་པ། ནག་པོས་ཉེར་ཐོབ། གསུམ་ཀས་ཟུང་འཇུག་མཚོན། གསང་འདུས་ཀྱི་ལྷ་ཐམས་ཅད་ཞལ་གསུམ་པར་ཡོད་པའི་མཚོན་དོན་ནི། གཡས་ཞལ་གྱིས་ཐབས་བདེ་བ་ཆེན་པོའི་ཡེ་ཤེས། གཡོན་ཞལ་གྱིས་སྟོང་ཉིད་རྟོགས་པའི་ཤེས་རབ། རྩ་ཞལ་གྱིས་བདེ་བ་དང་སྟོང་པ་དབྱེར་མེད་པ་མཚོན་པ་ཡིན། ཡང་ན་གཡས་ཞལ་གྱིས་ཀུན་རྫོབ་བདེན་པ་སྒྱུ་མའི་སྐུ་དང༌། གཡོན་ཞལ་གྱིས་ཤེས་རབ་དོན་དམ་བདེན་པ་བདེ་བ་ཆེན་པོའི་ཡེ་ཤེས། རྩ་ཞལ་གྱིས་དེ་གཉིས་སྐུ་དང་ཐུགས་སུ་ཟུང་དུ་འཇུག་པའི་ཟུང་འཇུག་མཚོན་ནོ། །མཚོན་དོན་དེ་དག་དྲན་པའི་སྒོ་ནས་ཞལ་གསུམ་པར་བསྒོམ་པ་ཡིན་ནོ། །ཞེས་རྗེའི་གསང་འདུས་བསྐྱེད་རིམ་བློ་གསལ་བུང་བའི་རེ་སྐོང་གསུང༌། ཕྱག་དྲུག་གིས་གཡས་པ་གསུམ་གྱིས་ལུགས་འབྱུང་གིས་སྟོང་པ་གསུམ་དང༌། གཡོན་པ་གསུམ་གྱིས་ལུགས་ལྡོག་གི་སྣང་བ་གསུམ་བཞོན་པའི་རླུང་དང་བཅས་པ་མཚོན། ཕྱག་གཡས་ཀྱི་དང་པོས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་པ་མི་བསྐྱོད་པ་དང༌། གཉིས་པས་འཁོར་ལོ་རྩིབས་བརྒྱད་པའམ་བཅུ་གཉིས་པ་རྣམ་སྣང༌། གསུམ་པས་པདྨ་དམར་པོ་འོད་དཔག་མེད། གཡོན་གྱི་ཕྱག་དང་པོས་ཐུགས་ཀར་དྲིལ་བུ་འཛིན་པ་རྡོ་རྗེ་འཆང༌། གཉིས་པས་རིན་པོ་ཆེ་རིན་འབྱུང༌། གསུམ་པས་རལ་གྲི་དོན་གྲུབ་ཀྱི་ཕྱག་མཚན་དང༌། དེ་བཞིན་དུ་རྣམ་སྣང་ལ་གཡས་འཁོར་ལོ་རྡོ་རྗེ་པདྨ་སོགས་རང་རང་གི་རིགས་ཀྱི་ཕྱག་མཚན་དང་པོ་མཛད་པ་མ་གཏོགས་ལྷ་རེ་རེས་ཀྱང་རིགས་དྲུག་གི་ཕྱག་མཚན་བསྣམས་པ་ནི། རྣམ་པ་རིགས་སོ་སོའི་ལྷར་སྣང་ཡང་དོན་ལ་ཐམས་ཅད་ཀྱང་རིགས་ཀུན་གྱི་ཁྱབ་བདག་དང༌། རིགས་དྲུག་ཀ་བསྡུས་པའི་བདག་ཉིད་ཡིན་པ་མཚོན་ནོ། །
|