From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གསང་སྔགས
|
Tibetan Definition
|
<མནྟྲ> སྔགས་དང་དོན་གཅིག སྒྲ་བཤད་ནི། གསང་སྟེ་བརྗོད་པར་བྱ་བ་ཡིན་པས་ན་གསང་སྔགས་སོ། །དེ་ཡང་སྦ་བར་བྱ་བ་ཡིན་པས་ན་གསང་། ངག་གམ་བརྗོད་པ་ཡིན་པས་ན་སྔགས་སོ། །རྒྱས་པར་སྔགས་ཞེས་པའི་ཐད་དུ་གཟིགས། གསང་སྔགས་ནི་མནྟྲ་ཞེས་པ་སྟེ། མན་ཡིད། ཏྲ་ཡ་སྐྱོབ་པ་སྟེ་ཡིད་སྐྱོབ་ཅེས་བྱའོ། །རྗེའི་སྔགས་རིམ་ཆེན་མོ་༡༢ན་ལས། གསང་ཞིང་སྦས་པས་འགྲུབ་ལ་སྣོད་མིན་གྱི་ཡུལ་མིན་པས་དེ་ལ་མི་བསྟན་པས་ན་གསང་བའོ། །སྔགས་ཀྱི་སྐད་དོད་མནྟྲ་ལ་མ་ན་ནི་ཡིད། ཏྲ་ཡ་ནི་སྐྱོབ་པས་ན་སྔགས་ཏེ་འདུས་པའི་རྒྱུད་ཕྱི་མ་ལས། དབང་པོ་དང་ནི་ཡུལ་རྣམས་ཀྱི། །རྐྱེན་གྱིས་གང་དང་གང་བྱུང་ཡིད། །ཡིད་དོ་མ་ན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བར། །གང་བཤད་དམ་ཚིག་སྡོམ་པ་སྟེ། །རྡོ་རྗེ་ཀུན་གྱིས་བསྲུང་བ་ནི། །སྔགས་ཀྱི་སྤྱོད་པ་ཞེས་བཤད་དོ། །ཞེས་སོ། །རྣམ་གྲངས་གཞན་ཡང་མ་ན་དང་ཏྲ་ཡའི་སྒྲ་དེ་ཉིད་ཤེས་པ་དང་འགྲོ་བ་སྐྱོང་བའི་སྙིང་རྗེ་ལ་དྲངས་ནས་གསུངས་པ་ལྟར་ཡང་ཤེས་པར་བྱའོ། །ཞེས་གསུངས། སྒྲ་ཐད་སོར་བསྒྱུར་ན་གསང་སྟེ་བརྗོད་པའམ་གསང་སྔགས་ཞེས་པའི་དོན་དུ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་བར་ཆ་༥༧༠བཤད་ཡོད། གསང་སྔགས་འདི་ཁེ་ཉེན་ཤིན་ཏུ་ཆེ་བ་ཡིན་ཏེ། བཀའ་གདམས་གླེགས་བམ་༼ ཀ་པ ༽༥༡ ལས། ཇོ་བོ་རྗེས། སེམས་བསྐྱེད་རྫོགས་མི་བྱེད་ཐ་མལ་ལམ། །ཟས་བྱིན་གྱིས་མ་རློབ་ཐ་མལ་ལས། །ཟས་སྒྱུར་བ་མི་ཤེས་རང་མཚན་ནམ། །སེམས་རྣམ་རྟོག་རླུང་གིས་སྤྱོད་བྱེད་དམ། །ཡང་བཟང་ངན་ཆགས་སྡང་མི་སྙོམ་མམ། །རྟེན་སྔགས་པ་མ་ཡིན་དམ་ཉམས་ཡིན། །དེ་ངན་འགྲོར་ལྷུང་ན་ཐར་བ་དཀའ། །ཆོས་དམ་ཚིག་མ་ཉམས་ལེགས་བསྲུངས་ན། །དུས་རིང་པོར་མི་ཐོགས་མངོན་སངས་རྒྱ། ཆོས་མཐར་ཐུག་ཐེག་པའི་ཡང་རྩེ་ཡིན། །དེ་ཤིན་ཏུ་ཟབ་སྟེ་བསྲུང་བར་དཀའ། །བཅུད་བཟང་པོ་སེང་གེའི་འོ་མ་དེ། །སྣོད་ངན་པ་སོ་སྐྱེའི་རྫ་ཕོར་དུ། །དུས་བླུག་ཙམ་ཉིད་ནས་རྫ་ཕོར་འཆག །ཀྱེ་བླ་མ་བཟང་པོ་ཐབས་མཁས་པ། །དུས་དང་པོར་དག་པའི་སྣང་བ་སྦྱངས། །དུས་གཉིས་པར་བསྐྱེད་རིམ་རིམ་གྱིས་བསྟན། །དུས་གསུམ་པར་གསང་སྔགས་སྣོད་གྱུར་པ། །དུས་དེ་ཚེ་ནུས་མེད་ནུས་གྱུར་ཅིང་། །རྟེན་ཐེག་པ་ཆེན་པོ་མཆོག་ཏུ་བསྔགས། །སྲས་ཐུ་བོ་འབྲོམ་རྗེ་ང་ལ་གསོན། །རྐྱེན་དགེ་བའི་བཤེས་གཉེན་གྲོགས་བཟང་དང་། །དུས་རྟེན་འབྲེལ་འཛོམས་ན་གསང་སྔགས་ཡིན། །གཞན་བུ་ཆུང་ཤ་ཁོག་ཟ་དང་མཚུངས། །སྲས་མི་ཅིག་གཡང་སའི་ཕ་རོལ་ཏུ། །ལུས་སྟོབས་མེད་འདོད་པས་ཕ་རོལ་མཆོངས། །རྒྱ་གལ་ཏེ་རོང་དུ་ལྷུང་གྱུར་ན། །ལུས་ཚེ་སྲོག་འབྲལ་བ་ཉེན་དུ་ཆེ། །ཀྱེ་དེ་བས་བདེ་བའི་ལམ་བསྐོར་ནས། །ལུས་འཕྲལ་བདེ་ཕུགས་སུ་བཙན་པ་ཡིན། །ཆོས་བཟང་པོ་སྡེ་སྣོད་རིན་ཆེན་གསུམ། །གནས་སྟན་ཐོག་གཅིག་ཏུ་ཉམས་བླངས་ན། །ཉེན་ངན་སོང་མི་ཆེ་མཐའ་ཕུགས་བཟང་། །ཞེས་གསུངས་སོ། །རྒྱས་པར་སྔགས་ཞེས་པའི་ཐད་དུ་གཟིགས།
|