From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གསང་སྔགས་རྙིང་མ
|
Tibetan Definition
|
(གསང་སྔགས) ལོ་ཙཱ་བ་རིན་ཆེན་བཟང་པོ་་ཡན་ཆོད་དུ་བསྒྱུར་བའི་རྒྱུད་རྣམས་ལ་གསང་སྔགས་རྙིང་མ་ཞེས་བྱའོ། །དེབ་སྔོན་སྟོད་ཆ་༢༥༥ལས། གསང་སྔགས་གསར་མའི་འགྱུར་གྱི་འགོ་ཇོ་བོ་སྨྲྀ་ཏིས་བཙུགས་སོ་ཞེས་བྱ་བ་ཡོད་མོད་ཀྱི། དེས་དབུས་གཙང་དུ་ནི་འགྱུར་མ་མཛད་ལ། ཁམས་སུ་ཕྱིས་མཚན་ཡང་དག་པར་བརྗོད་པ་སྒེག་པ་རྡོ་རྗེའི་སྐོར་དང་། དཔལ་ལྡན་གདན་བཞི་པ་དང་། གསང་བ་འདུས་པའི་སྐོར་ལ་སོགས་པ་མང་དུ་བསྒྱུར་མོད་ཀྱི། དེ་བས་ལོ་ཆེན་རིན་ཆེན་བཟང་པོས་གསང་སྔགས་ཀྱི་འགྱུར་མཛད་པ་སྔ་བར་སྣང་སྟེ། འབྲོམ་སྟོན་པ་ཇོ་བོ་སེ་བཙུན་གྱི་གཡོག་བྱེད་པའི་དུས་སྨྲྀ་ཏི་ལ་ལོ་ཙཱ་བསླབས་སོ་ཞེས་འབྱུང་ལ། དེ་དང་ཉེ་བར་འབྲོམ་གྱིས་མངའ་རིས་སུ་བྱོན་པའི་ཚེ། ལོ་ཆེན་གྱིས་ལོ་བརྒྱད་ཅུ་རྩ་ལྔ་བཞེས་པའི་ཕྱིར་རོ། །ལོ་ཆེན་གྱིས་དེ་ཉིད་བསྡུས་པ་དང་གསང་བ་འདུས་པ་སོགས་རྣལ་འབྱོར་ཕའི་རྒྱུད་ཤས་ཆེར་བསྒྱུར་ལ། རྣལ་འབྱོར་མའི་རྒྱུད་རྣམས་ནི་ལོ་ཆེན་གྱི་ལོ་ལྔ་བཅུ་ཉེ་བ་ན་བླ་ཆེན་འབྲོམ་མི་བྱུང་སྟེ། དེ་ནས་ནི་རྣལ་འབྱོར་མའི་རྒྱུད་རྣམས་ཀྱང་ཤིན་ཏུ་དར་བར་གྱུར་ཏོ། །ཞེས་གསང་སྔགས་རྙིང་མའི་འགོ་ལོ་ཆེན་རིན་ཆེན་བཟང་པོ་ནས་ཚུགས་ཟེར་བཞིན་དུ་ཡང་། དེབ་སྔོན་༡༣༥ལས། པཎྜི་ཏ་སྨྲྀ་ཏི་བྱོན་པའི་གོང་ཡན་ཆོད་ལ་གསང་སྔགས་རྙིང་མ་ཞེས་བརྗོད་དེ། ཞེས་ཀྱང་གསུངས་པས་ཚིག་སྔ་ཕྱི་ལ་འགལ་བའི་ཆ་ཅུང་ཟད་རེ་ཡོད་པའང་འདུག་གོ། གསང་སྔགས་རྙིང་མ་འདི་བསྟན་པ་རྣམ་དག་ཡིན་ནམ་མིན་ཞེ་ན། མཁས་གྲུབ་ཆོས་རྗེའི་གསུང་ཐོར་བུ་༡༧༥བ༡ ལས། དྲི་བ་གསུམ་པ། གསང་སྔགས་རྙིང་མ་པ་འདི་ལ། སྔ་རབས་ཀྱི་མཁས་པ་རྣམས་ཀྱིས་ཀྱང་དགག་འདུག་ཅིང་། ད་ལྟ་ཡང་སྐུར་བ་འདེབས་པ་མང་དུ་འདུག་པ། འདི་ཇི་འདྲ་ཞིག་ཡིན་ཟེར་བ་ལ། གསང་སྔགས་བསྟན་པ་སྔ་དར་གྱི་དུས་འགྱུར་བ་ལ་རྙིང་མ་དང་། ཕྱི་དར་གྱི་དུས་འགྱུར་བ་ལ་གསར་མ་ཞེས་འབྱུང་བ་ཡིན། རྙིང་མ་ལ་སྐུར་བ་འདེབས་པ་མང་བའི་རྒྱུ་མཚན། སྔོན་གླང་དར་མས་བསྟན་པ་བསྣུབས་ནས་བར་སྟོངས་བྱུང་དུས་གསང་སྔགས་པ་རྣམས་སྦྱོར་སྒྲོལ་ལ་སོགས་པ་སྤྱོད་པ་ཕྱིན་ཅི་ལོག་བྱེད་པ་བྱུང་བ་དང་། འདི་སང་ཡང་ཁྱིམ་པ་ལྕང་ལོ་ཅན་གྱི་སྤྱོད་པ་མང་བས། གང་ཟག་གི་སྤྱོད་པ་ལ་དཔགས་ནས་ཆོས་ལ་སྨོད་པ་འདི་བྱུང་བ་འདྲ། དེ་མིན་སྔགས་རྙིང་མ་འདི་དང་པོ་ཆོས་རྒྱལ་དམ་པ་རྣམས་ཀྱིས་བཻ་རོ་ཙ་ན་དང་། རྨ་སྙེགས་གཉིས་དགེ་སློང་མི་ལྔ་ལ་སོགས་པའི་ཚད་མའི་སྐྱེས་བུར་གྱུར་པ་ལོ་ཙྪ་བ་རྣམས་ལ་གསེར་བྲེས་བཤར་མ་ཡོན་དུ་བསྐུར་ནས། རྒྱ་གར་དུ་བརྫངས་ཏེ། རྫོགས་པ་ཆེན་པོ་ལ་སོགས་པའི་གསང་སྔགས་བླ་ན་མེད་པའི་ཆོས་རྣམས་པཎྜི་ཏ་དང་། གྲུབ་པ་བརྙེས་པ་རྩོད་མེད་དུ་གྲགས་པ་རྣམས་ལ་ཞུས་ཤིང་བསྒྱུར། གཞན་ཡང་པདྨ་འབྱུང་གནས་དང་། བཱི་མ་ལ་མི་ཏྲ་དང་། སངས་རྒྱས་གསང་བ་ལ་སོགས་པའང་བོད་དུ་སྤྱན་དྲངས་ནས་དེ་དག་གིས་ཀྱང་གསུངས་པའི་ཆོས། ཐེག་པ་བླ་ན་མེད་པའི་ཆོས་ཟབ་སྐྱོན་དང་བྲལ་བ་ཡིན་ཏེ། འདིའི་ཚུལ་ཉམས་སུ་བླངས་པས་གྲོལ་བ་དང་། གྲུབ་པ་བརྙེས་པ་དཔག་ཏུ་མེད་པ་བྱུང་བ་ཚད་མས་གྲུབ་བོ། །བསམ་ཡས་ན་ཡང་ད་དུང་སྔ་འགྱུར་གྱི་རྒྱ་དཔེ་མང་དུ་ཡོད་པར་འདུག་ཅིང་། བོད་པ་ལོ་ཙྪ་བས་ཀྱང་རྒྱ་གར་དུ་བྱོན་པས། ཡུལ་དབུས་འགྱུར་ཚལ་ན་གསང་སྙིང་། ལུང་གི་མདོ་ལྔ་ལ་སོགས་པ་རྒྱ་དཔེ་འདུག་ཟེར། དེས་ན་འདི་ལྟ་བུའི་ཐེག་ཆེན་བླ་ན་མེད་པའི་ཆོས་ཟབ་མོ་ལ་སྐུར་བ་འདེབས་པ་རྣམས་དམྱལ་བའི་རྒྱུ་ཁོ་ནར་བས་སོ། །ཞེས་གསུངས་སོ། །བུ་སྟོན་ཆོས་འབྱུང་དེབ་གཟུགས་༢༦༦ལས། སྔ་འགྱུར་གསང་སྔགས་རྙིང་མ་ནི། ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་དང་ལྷ་བླ་མ་ཡེ་ཤེས་འོད་དང་ཕོ་བྲང་ཞི་བ་འོད་དང་འགོས་ཁུག་པ་ལྷས་བཙས་ལ་སོགས་པ་རྣམས་ཡང་དག་པ་མ་ཡིན་པར་སྨྲ་ལ། ཁོ་བོའི་བླ་མ་སྐད་གཉིས་སྨྲ་བའི་ཉི་མའི་མཚན་ཅན་དང་རིགས་རལ་ལ་སོགས་པ། བསམ་ཡས་ནས་རྒྱ་དཔེ་རྙེད་པའི་ཕྱིར་དང་། ཕུར་པ་རྩ་བའི་དུམ་བུའི་རྒྱ་དཔེ་བལ་པོར་ཡང་སྣང་བས་རྒྱུད་ཡང་དག་གོ་ཞེས་གསུང་ངོ་། །ཁོ་བོས་ནི། ཡིད་ཀྱི་ཉེས་པ་རང་བཞིན་གདུག་པ་སྟེ། །མི་རིགས་པ་ཡི་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །དེ་ཕྱིར་བཏང་སྙོམས་བཞག་ལེགས་ཉེས་པ་མེད། །ཅེས་འབྱུང་བ་དང་། ཆོས་ཡིན་པ་ལ་མ་ཡིན་ཟེར་བ་དང་། མ་ཡིན་པ་ལ་ཡིན་ཟེར་བ་ལས་འབྲས་མཉམ་པར་བཤད་པས་དང་། ཆོས་ཀྱི་མཚན་ཉིད་གང་ལ་ཡོད་མེད་དག །མི་ཤེས་མཐོང་བ་མེད་པར་རྒྱུ་བཞི་ཡིས། །རྣམ་དབྱེ་སྨྲ་བའི་ཁ་ནི་བདུད་ཀྱིས་ཕྱེ། །ཆོས་ལ་ཉེས་སྨོད་ཐུབ་པའི་གཞུང་ལས་བཀག །ཅེས་ཟེར་བ་བཞིན་དུ་བཏང་སྙོམས་སུ་བཞག་གོ། བློ་དང་ལྡན་པ་རྣམས་ཀྱིས་རྟོག་པ་བཞི་དང་བརྟག་པ་གསུམ་ལ་བརྟེན་ནས་དཔྱད་པར་བྱའོ། །ཞེས་གསུངས། ཡང་ཐུའུ་བཀྭན་གྲུབ་མཐའ་དེབ་གཟུགས་༧༣ལས། རྙིང་མ་པའི་གྲུབ་མཐའ་ལ་ཅུང་ཟད་དཔྱད་པ། རྙིང་མའི་ཆོས་ལུགས་འདི་མཐའ་གཅིག་ཏུ་རྣམ་པར་དག་པ་དང་། མ་དག་པ་དང་། འདྲེས་མར་གྱུར་པ་གང་ཡིན་སྙམ་ན། ལྷ་བླ་མ་ཡེ་ཤེས་འོད་དང་ཞི་བ་འོད། ཙ་མི་ལོ་ཙཱ། ཆག་ལོ་རྣམས་ཀྱི་སྤྲིངས་ཡིག་དང་། རྔོག་གི་གཟེ་མ་ར་མགོ། ས་པཎ་གྱི་སྡོམ་གསུམ་རབ་དབྱེ་རྣམས་སུ་རྙིང་མ་ལ་དམིགས་ཕུག་པའི་སྐྱོན་བརྗོད་མི་གསལ་ཡང་། བོད་དུ་དར་བའི་ཆོས་ལུགས་མ་དག་པ་རིས་མེད་ལ་དགག་པ་མཛད་པའི་གསེབ་ཏུ་རྙིང་མ་པ་ལ་དབུ་ཕོག་ཞབས་ཕོག་གི་གསུང་རེ་གཉིས་ཡོད་པར་སྣང་། འགོས་ཁུག་པ་ལྷས་བཙས་དང་། འབྲི་གུང་དཔལ་འཛིན་གཉིས་ཀྱིས་སྒྲུབ་བྱེད་མང་དུ་བཀོད་ནས་རྙིང་མ་ཆོས་རྣམ་དག་མ་ཡིན་པར་སྒྲུབ་ཅིང་། ཤཱཀྱ་མཆོག་ལྡན་དང་། ཀརྨ་པ་མི་བསྐྱོད་རྡོ་རྗེས་ཀྱང་དེའི་རྗེས་ཟློས་བྱས་འདུག ཅེས་དང་། ལོ་ཙཱ་བ་རོང་ཟོམ་ཆོས་བཟང་། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། ཀརྨ་པ་རང་བྱུང་རྡོ་རྗེ། གྲུབ་ཐོབ་ཨུ་རྒྱན་པ། བཅོམ་ལྡན་རལ་གྲི། ཐར་ལོ་ཉི་མ་རྒྱལ་མཚན། ཕྱིས་ཀྱི་འབྲུག་པ་པདྨ་དཀར་པོ། དཔའ་བོ་གཙུག་ལག་ཕྲེང་བ་སོགས་གྲུབ་མཐའ་གཞན་གྱི་མཁས་པར་གྲགས་པ་དང་། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་དང་། ༸གོང་ས་ལྔ་པ་ཆེན་པོ་སོགས་རང་ཕྱོགས་པ་འགའ་ཞིག་གིས་ཀྱང་ཆོས་རྣམ་དག་ཏུ་འཆད། བུ་སྟོན་རིན་པོ་ཆེ། རྒྱལ་བ་ཙོང་ཁ་པ་ཡབ་སྲས་སོགས་ཚད་མའི་སྐྱེས་བུ་མང་པོ་ཞིག་གིས་ནི་བཏང་སྙོམས་སུ་འཇོག་པར་མཛད་དོ། །ཞེས་གསུངས་སོ། །ཡང་། ཕ་བོང་ཁ་པ་བདེ་ཆེན་སྙིང་པོའི་མདོ་སྔགས་ཀྱི་དྲིས་ལན་༣༤བ༢ལས། བར་ཁམས་སོག་ཤོད་གཡག་འདའ་དང་མཁར་དམར་གྲོང་ཚོ་གཉིས་ཀྱི་ཞི་ཁྲོའི་སྔགས་འཆང་རྣམས་ནས་ནན་གྱིས་ཞུས་ངོར་སྩལ་བ་ཞེས་པའི་ནང་གསང་སྔགས་རྙིང་མའི་སྐོར་ལ་དོགས་སློང་ལྟ་བུ་མང་ཙམ་འདུག་ཀྱང་དགག་དགོས་ཀྱི་དབང་གིས་འདིར་མ་བཀོད། གཞན་ཡང་ཀརྨ་པ་མི་བསྐྱོད་རྡོ་རྗེའི་རྙིང་མ་པ་རྣམས་ལ་དོགས་འདྲིའི་ཚུལ་དུ་གནང་བར་གྲགས་པའི་ཆབ་ཤོག་དང་། དེའི་དྲིས་ལན་ལུང་དང་རིགས་པའི་འབྲུག་སྒྲ་ཞེས་བྱ་བ་དང་། ཡང་། མཁས་པ་དཔལ་ཁང་ལོ་ཙཱ་བས་རྙིང་མ་པ་ལ་རྩོད་པའི་ཡི་གེ་དང་། དེའི་རྩོད་ལན་གངྒཱའི་ཆུ་རྒྱུན་རྣམས་ལ་བློ་གཟུ་བོར་གནས་པས་གཟིགས་ན་བློ་སྐྱེད་ཧ་ཅང་ཆེན་པོ་འདུག་གོ།
|