From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གསུང་དབྱངས་ཡན་ལག་དྲུག་ཅུ་རྩ་བཞི
|
Tibetan Definition
|
མདོ་དཀོན་མཆོག་བརྩེགས་སུ་གསུངས་པའི་གསུང་དབྱངས་ཡན་ལག་དྲུག་ཅུ་རྩ་བཞི་ནི། མཉེན་འཇམ་ཡིད་འོང་ཡིད་དུ་འཐད། །དག་ཞིང་དྲི་མེད་འོད་གསལ་འཇེབས། །མཉན་འོས་མི་ཚུགས་སྙན་ཞིང་དུལ། །མི་རྩུབ་མི་བརླང་རབ་ཏུ་དུལ། །རྣར་སྙན་ལུས་དང་སེམས་ཚིམ་བྱེད།། སྙིང་དགའ་བྱེད་དང་དགའ་བདེ་སྐྱེད། །ཡོངས་སུ་མི་གདུང་ཀུན་ཤེས་བྱ། །རྣམ་པར་རིག་བྱ་རྣམ་པར་གསལ། །དགའ་དང་མངོན་པར་དགའ་བར་བྱེད། །ཀུན་ཏུ་ཤེས་བྱེད་རྣམ་རིག་བྱེད། །རིགས་པ་དང་འབྲེལ་ཟློས་སྐྱོན་མེད། །སེང་གེའི་ང་རོའི་ཤུགས་དང་ལྡན། །གླང་ཆེན་སྒྲ་དང་འབྲུག་གི་དབྱངས། །ཀླུ་དང་དྲི་ཟ་ཀ་པིང་དབྱངས། །ཚངས་དབྱངས་ཤང་ཤང་ཏེའུའི་དབྱངས། །ལྷ་དབང་དབྱངས་དང་རྔ་ཡི་སྒྲ། །མ་ཁེངས་པ་དང་མི་དམའ་དང༌། །སྒྲ་རྣམས་ཀུན་གྱི་རྗེས་སུ་ཞུགས། །ཚིག་ཟུར་མ་ཆད་ལྡབ་ལྡིབ་མེད། །མ་ཚང་མེད་ཅིང་མ་ཞུམ་དང༌། །མི་ཞན་རབ་དགའ་ཁྱབ་པ་དང༌། །ཆུབ་དང་རྒྱུན་ཆགས་འབྲེལ་བ་དང༌། །སྒྲ་རྣམས་ཐམས་ཅད་རྫོགས་པར་བྱེད། །དབང་པོ་ཐམས་ཅད་ཚིམ་པར་བྱེད། །མ་སྨད་མི་འགྱུར་མ་བརྟབས་དང༌། །འཁོར་གྱི་དཀྱིལ་འཁོར་ཀུན་ཏུ་གྲགས། །འདོད་ཆགས་ཞི་བྱེད་ཞེ་སྡང་འདུལ། །གཏི་མུག་སེལ་བྱེད་བདུད་ཚར་གཅོད། །རྣམ་པ་ཀུན་མཆོག་ལྡན་པ་སྟེ།། གསུང་དབྱངས་དྲུག་ཅུ་རྩ་བཞི་འོ། །ཞེས་གསུངས། རྗེའི་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ལས་ཀྱང༌། གསུང་མཉེན་འཇམ་ཞིང་ཡིད་འོད་ཡིད་དུ་འཐད། །དག་ཅིང་དི་མེད་འོད་གསལ་སྙན་ལ་འཇེབས། །མཉན་པར་འོས་ཤིང་མི་ཚུགས་སྙན་ཞིང་དུལ། །མི་རྩུབ་མི་བརླང་རང་དུལ་རྣ་བར་སྙན། །ལུས་སེམས་སྙིང་ནི་ཚིམ་བྱེད་དགའ་བདེ་སྐྱེད། །གདུང་མེད་ཀུན་ཏུ་ཤེས་བྱ་རྣམ་རིག་བྱ། །རྣམ་གསལ་དགའ་བྱེད་མངོན་པར་དགའ་བྱེད་ཅིང༌། །ཀུན་ཤེས་བྱེད་ཅིང་རྣམ་པར་རིག་པར་བྱེད། །རིགས་ཤིང་འབྲེལ་ལ་ཟློས་པའི་སྐྱོན་དང་བྲལ། །སེང་གེ་གླང་ཆེན་འབྲུག་དང་ལག་འགྲོའི་དབང༌། །དྲི་ཟ་ཀ་ལ་པིང་ཀ་ཚངས་པ་དང༌། །ཤང་ཤང་ཏེའུ་དབང་པོའི་དབྱངས་ལྟར་སྙན། །རྔ་སྒྲ་མ་ཁེངས་མི་དམའ་ཀུན་རྗེས་ཞུགས། །ཚིག་ཟུར་ཕྱིན་ཅིང་མ་ཚང་མེད་པ་དང༌། །མ་ཞུམ་མི་ཞན་རབ་དགའ་ཁྱབ་ཅིང་ཆུབ། །རྒྱུན་ཆགས་འབྲེལ་ཞིང་སྒྲ་ཀུན་རྫོགས་པར་བྱེད། །དབང་པོ་ཀུན་ཚིམ་མ་སྨད་མི་འགྱུར་ལ། །མ་བརྟགས་འཁོར་གྱི་དཀྱིལ་འཁོར་ཡོངས་སུ་གྲགས། །དུག་གསུམ་སེལ་བྱེད་བདུད་དཔུང་ཚར་གཅོད་ཅིང༌། །རྣམ་པ་ཀུན་གྱི་མཆོག་དང་ལྡན་པར་འབྱུང༌། །དེ་ལྟར་བཞི་ཡིས་ལྷག་པའི་དྲུག་ཅུའི་དབྱངས། །ཞེས་གསུངས་སོ། །སྒྲ་བཤད་ནི། ཡན་ལག་ཅེས་པའི་ཡོན་ཏན་ལའང་འཇུག་པས། གསུང་གི་ཡོན་ཏན་དྲུག་ཅུ་རྩ་བཞི་ཞེས་པའི་དོན་ནོ། །འདིའི་སྒྲུབ་བྱེད་ཡན་ལག་ཅེས་པའི་དོན་དུ་གཟིགས།
|