1565

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསོལ་བཞིའི་ལས
Tibetan Definition (འདུལ་བ) གསོལ་བ་གཅིག་དང་བརྗོད་པ་གསུམ་ཚང་བའི་ལས། བརྗོད་པ་གསུམ་ནི། བརྗོད་པ་དང་པོ་ཉིད་ལན་གསུམ་དུ་བཟླས་པ་ཡིན། བརྗོད་པ་གསུམ་པོ་རེ་རེ་ལ་ཡང༌། ངོ་བོ་བརྗོད་པ། བྱ་བ་བརྗོད་པ། བྱེད་པ་བརྗོད་པ་གསུམ་གསུམ་ཡོད། བསྙེན་རྫོགས་ཀྱི་སྡོམ་པ་ལྟ་བུ་ལ་སྦྱར་ན། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི། མཁན་པོ་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ན། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ། སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང༌། ལྷུང་བཟེད་ཀྱང་ཚང༌། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ་ཞེས་དེ་ཁོ་ཉིད་མཆི་སྟེ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི། མཁན་པོ་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ། མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་དོ། །འདི་ནི་གསོལ་བའོ། ། (གསོལ་བ་ཐལ) (མདོར་ན་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཞེས་པ་ནས། འདི་ནི་གསོལ་བའོ། །ཞེས་པའི་བར་གྱིས་གསོལ་བའམ་གསོལ་འདེབས) བརྗོད་པ་ (བརྗོད་པ་ཞེས་པ་ཚིག་ཏུ་བརྗོད་པ་ཙམ་ལ་མི་ཟེར་གྱི། ཡང་ཡང་བསྐྱར་བའི་དོན་ལ་གོ་དགོས་ཏེ། སློབ་དཔོན་ཆོས་བཤེས་ཀྱི་འདུལ་བ་མདོ་རྩའི་རྒྱ་ཆེར་འགྲེལ་པ་སྟོད་ཆ་༥ན༧ལས། བརྗོད་པ་ཞེས་བྱ་བ་ནི་ཚིག་ཏུ་བརྗོད་པའི་དོན་ཏེ། ཟློས་ཞེས་བྱ་བའི་ཐ་ཚིག་གོ། ཞེས་གསུངས་པ་ལྟར་རོ། །འདིར་ཡང་བརྗོད་པ་ནི་ལན་གསུམ་དུ་བཟློས་དགོས་པས། ཟློས་པ་ཞེས་བྱ་བ་ཡང་དོན་ལ་གནས་སོ) དང་པོ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ། མཁན་པ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི། མཁན་པ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ། སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང༌། ལྷུང་བཟེད་ཀྱང་ཚང༌། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་སྟེ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། དེའི་སླད་དུ་དགེ་འདུན་གྱིས་ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ། མཁན་པོ་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་ན། ཚེ་དང་ལྡན་པ་གང་དག་ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་མཛད་པར་བཟོད་པར་དེ་དག་གིས་ཅང་མ་གསུང་ཞིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག (བརྗོད་པ་དང་པོ་ཐལ) (བརྗོད་པ་གཉིས་པ་ལ་ཐུགས་གཏད་པར་ཞུ་བྱས་ལ་གཉིས་པ་བྱ) (བརྗོད་པ་གསུམ་པའི་སྐབས་སུ་ལས་ཆགས་པ་ཡིན་ཏེ) མདོ་རྩ་བ་ལས། བརྗོད་པ་ཐ་མ་གང་ཡིན་པའི་ཆ་གསུམ་པ་ལ་གྲུབ་པ་ཉིད་དོ། །ཞེས་གསུངས་པས། བསྙེན་རྫོགས་ཀྱི་སྡོམ་པ་འབོག་པའི་ཆོ་ག་ལ་བརྗོད་པ་གསུམ་ཡོད་པའི་བརྗོད་པ་དང་པོ་གཉིས་ཐལ་ནས། བརྗོད་པ་ཐ་མའི་ངོ་བོ་བརྗོད་པ། བྱ་བ་བརྗོད་པ། བྱེད་པ་བརྗོད་པ་གསུམ་ཡོད་པའི་ངོ་བོ་བརྗོད་པ་དང༌། བྱ་བ་བརྗོད་པའི་གསོལ་ན་ཞེས་པའི་སྐབས་སུ། སྡོམ་པ་འབོག་པ་པོས་སྐད་གཟེངས་མཐོ་བ་དང༌། སེ་གོལ་གྱིས་བརྡ་སྤྲོད་པ་དེའི་ཚེ་བསྒྲུབ་བྱས་ཡིད་གཞན་དུ་མ་ཡེངས་ཤིང་ཐེ་ཚོམ་དང་ཡིད་གཉིས་མེད་པར་བསྒྲིམ་སྟེ་ཉན་ནས་སྡོམ་པ་ཐོབ་དུས་ཤེས་པའི་སྒོ་ནས་དེའི་རྒྱུད་ལ་བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་སྐྱེ་བ་ཡིན་ནོ། །དེ་ཡང་མཆི་སྟེ་ཡན་ཆད་ངོ་བོ་བརྗོད་པ། དེ་ནས་གསོལ་ནའི་བར་བྱ་བ་བརྗོད་པ། དེའི་སླད་དུ་མན་ཆད་བྱེད་པ་བརྗོད་པ་ཡིན་པས། ངོ་བོ་བརྗོད་པ་སྔོན་དུ་སོང་ནས་བྱ་བ་བརྗོད་པ་རྫོགས་པའི་གསོལ་ན་ཞེས་པ་འགག་པ་དང་མཉམ་དུ་བསྒྲུབ་བྱའི་རྒྱུད་ལ་བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་སྐྱེས་པ་ཡིན། དེའི་ཚེ་མཁན་པོ་ཡང་བསྒྲུབ་བྱའི་སློབ་དཔོན་དུ་གྱུར་པ་ཡིན་ནོ། །དོགས་གཅོད། ཡོངས་གྲགས་སུ། གསོལ་བཞིའི་ལས་ཞེས་པ་བརྗོད་པ་གསུམ་དང་གསོལ་བ་གཅིག་གི་ལས་ལ་ཟེར་མོད། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པར་གྲགས་པའི་འགྲེལ་ཆུང་༡ན༣ལས། གསོལ་བ་གསུམ་དང་། ཞུ་བ་དང་བཞིའི་ལས་ཀྱིས་ཅིག་ཅར་རབ་ཏུ་བྱུང་བསྙེན་པར་རྫོགས་པ་མངོན་པར་འཐོབ་བོ། །ཞེས་གསོལ་བ་གཅིག་དང་ཟེར་རྒྱུའི་ཚབ་ཏུ། ཞུ་བ་དང་ཞེས་འབྱུང་ཞིང་། བརྗོད་པ་གསུམ་ཟེར་རྒྱུའི་ཚབ་ཏུ་གསོལ་བ་གསུམ་དང་ཞེས་ཐ་སྙད་མི་འདྲ་བར་གསུངས་སོ། །