From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀུན་དགའ་བོ
|
Tibetan Definition
|
<ཨཱ་ནནྡ> (འདུལ་བ) སྟོན་པའི་གཏད་རབས་བདུན་གྱི་གཉིས་པ་འཕགས་པ་ཀུན་དགའ་བོ་ཞེས་བྱ་བ་སྟོན་པ་ཤཱཀྱ་ཐུབ་པའི་ཞབས་འབྲིང་དང་རྣམ་དཔྱོད་ཕུལ་དུ་བྱུང་བའི་ཉན་ཐོས་ཤིག སྟོན་པ་སངས་རྒྱས་ལ་སྲི་ཞུ་དང་བཀུར་སྟིའི་རིམ་གྲོ་མཆོག་ཏུ་མཛད་ཅིང་། སྟོན་པ་ལ་ཐུགས་ནང་ཧ་ཅང་ཉེ་བའི་ལུས་དང་གྲིབ་མ་བཞིན་འགྲོགས་པའི་ཞབས་འབྲིང་ངམ་གསོལ་དཔོན་ཞིག་ཡིན། དེར་མ་ཟད་ཕ་མ་སྤུན་གྱི་སྐུ་མཆེད་ཀྱང་ཡིན། དེ་ལ་དབྱིན་སྐད་དུ་cousin ཟེར། བདག་ཅག་གི་སྟོན་པའི་ཡབ་ཟས་གཙང་ལ་སྐུ་མཆེད་བུ་གསུམ་དང་བུ་མོ་བཞི་ལས། བུ་ཐ་མ་ཚད་མེད་ཟས་ལ་བུ་གཉིས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷས་བྱིན་གཉིས་ཡོད་པའི་དང་པོའོ། །འདིའི་སྐོར་རྒྱལ་པོ་ཟས་གཙང་མའི་རྒྱལ་རྒྱུད་ཀྱི་སྐོར། ཞེས་པའི་ཐད་དུ་གཟིགས། ཀུན་དགའ་བོ་ནི་བདག་ཅག་གི་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་སྐུ་འཁྲུངས་ཤིང་མིང་ཡང་ཀུན་དགའ་བོ་ཞེས་བཏགས་སོ། །དེ་ལྟར་བཏགས་པའི་རྒྱུ་མཚན་ནི། འདུལ་བ་ལུང་གཞི་གླེགས་བམ་༼ ང་པ ༽༡༤༦ན༦ལས། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བདུད་འབྱུང་པོ་འཁོར་དང་བཅས་པ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་བཅོམ་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་པ་དེའི་ཚེ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་གྲོང་ཁྱེར་སེར་སྐྱའི་གཞིར་རྒྱལ་པོ་བཙུན་མོ་དང༌། བློན་པོ་དང༌། གྲོང་མི་དང༌། ཡུལ་མི་དང་བཅས་པ་ལ་དགེ་སྦྱོང་གཽ་ཏ་མ་ནི་དེ་རིང་ཤིའོ་ཞེས་བསྒྲགས་སོ། །དེ་ནས་རྒྱལ་པོ་ཟས་གཙང་བཙུན་མོ་དང༌། གཞོན་ནུ་དང༌། བློན་པོ་དང༌། གྲོང་མི་དང༌། ཡུལ་མི་དང་བཅས་པས་མྱ་ངན་བྱ་བར་བརྩམས་པ་དང༌། ལྷ་རྣམས་ཀྱི་ཤེས་པ་མཐོང་བ་ནི་འོག་ཏུ་འཇུག་པ་ཡིན་པས་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་སྨྲས་པ། བཅོམ་ལྡན་འདས་མ་ནོངས་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་བརྙེས་སོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་ཀུན་དགའ་བ་བྱས་ཏེ་ཀུན་དགའ་བར་གྱུར་པ་དེའི་ཚེ་བདུད་རྩི་ཟས་ (བདུད་རྩིའི་ཟས་ཞེས་པ་ཀུན་དགའ་བོའི་ཡབ་ཚད་མེད་ཟས་ཟེར་བ་དེ་ཡིན་པར་སེམས) ཀྱི་ཁྱེའུ་ཞིག་བཙས་ཏེ། དེའི་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །ཉེ་དུ་དག་གིས་སྨྲས་པ། ཁྱེའུ་འདི་ཀུན་དགའ་བར་གྱུར་པ་ན་བཙས་པས་ཁྱེའུའི་མིང་ཀུན་དགའ་བོ་ཞེས་གདགས་སོ་ཞེས་དེའི་མིང་ཀུན་དགའ་བོ་ཞེས་བྱ་བར་བཏགས་སོ། །ཞེས་གསུངས་པ་ལྟར་རོ། །ཡང་གོང་གི་ལུང་གི་འཕྲོ་༡༤༦བ༤ལས། མཚན་མཁན་རྣམས་ཀྱིས་ཁྱེའུ་འདིས་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་རིམ་གྲོ་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། །བདུད་རྩི་ཟས་ཀྱིས་ཁྱེའུ་མཚན་མཁན་རྣམས་ཀྱིས་ལུང་བསྟན་ཏོ་ཞེས་ཐོས་ནས་དེས་བསམས་པ། གལ་ཏེ་དེ་ལྟ་ན་བཅོམ་ལྡན་འདས་ཀྱིས་རབ་ཏུ་ཕྱུང་ (དབྱུང) དུ་འོང་ངོ་ཞེས་སྤྱན་སྔར་མི་འབབ་པར་བྱའོ་སྙམ་ནས། གང་གི་ཚེ་བཅོམ་ལྡན་འདས་སེར་སྐྱའི་གཞིར་གཤེགས་པ་དེའི་ཚེ་ཡངས་པ་ཅན་དུ་སྐྱེལ་ལོ། །གང་གི་ཚེ་བཅོམ་ལྡན་འདས་ཡངས་པ་ཅན་དུ་གཤེགས་པ་དེའི་ཚེ་སླར་ཡང་སེར་སྐྱའི་གཞིར་ཁྱེར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དེ་ལྟ་བུ་མི་མཁྱེན་པའམ། མི་གཟིགས་པའམ། ཐུགས་སུ་མ་ཆུད་པའམ། རྣམ་པར་མི་རིགས་པ་ཅུང་ཟད་ཀྱང་མི་མངའོ། །ཆོས་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་པར་ཞུགས་པ། ཞེས་སོགས་ནས། བཅོམ་ལྡན་འདས་ཀྱི་དགོངས་པ། གཞོན་ནུ་ཀུན་དགའ་བོ་ནི་སྲིད་པ་ཐ་མ་པ་ཡིན་པས་དེ་ངའི་བསྟན་པ་ལ་རབ་ཏུ་འབྱུང་སྟེ། རབ་ཏུ་བྱུང་ནས་ངའི་རིམ་གྲོ་བྱེད་ཅིང་གསུང་རབ་འཛིན་པ་དང་། ང་ཡོངས་སུ་མྱ་ངན་ལས་འདས་ནས་བདུད་རྩི་ཐོབ་པར་འགྱུར་གྱིས་(གྱི)། མ་ལ་ངས་གཞོན་ནུ་ཀུན་དགའ་བོ་བསྟན་པ་ལ་གཞུག་པར་བྱའོ་སྙམ་ནས་མ་ཚོར་བ་ཁོ་ནར་གྲོང་ཁྱེར་སེར་སྐྱའི་བྱོན་ནས་བདུད་རྩི་ཟས་ཀྱི་གནས་ཁང་དུ་གཤེགས་ཏེ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བདུད་རྩི་ཟས་ཀྱིས་གཞོན་ནུ་ཀུན་དགའ་བོ་ཁང་ཕྲན་གཞན་ཞིག་གི་ནང་དུ་བཅུག་སྟེ་བཞག་གོ །བཅོམ་ལྡན་འདས་ཀྱིས་གང་གི་ཚེ་སྒོ་རང་བྱེ་བར་འགྱུར་བ་དེ་ལྟར་བྱིན་གྱིས་བརླབས་ནས་ཐོག་མ་ཁོ་ནར་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་བསིལ་ཡབ་བླངས་ནས་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ནས་བཅོམ་ལྡན་འདས་ལ་གཡོབ་ཅིང་འདུག་གོ །དེ་ནས་བདུད་རྩི་ཟས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་བདུད་རྩི་ཟས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཞེས་པ་ནས། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་བཞུད་དོ། །རྒྱུའི་སྟོབས་ཆེ་ཡང་རྐྱེན་གྱི་སྟོབས་ལ་ལྟོས་དགོས་པས་སྲིད་པ་ཐ་མ་པའི་སེམས་ཅན་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་རྗེས་བཞིན་རྗེས་བཞིན་འབྲང་བ་ན། བདུད་རྩི་ཟས་ཆུང་མའི་འཁོར་དང་བཅས་པས་བཟློག་པར་མ་ནུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི་སྲིད་པ་ཐ་མ་པའི་སེམས་ཅན་ཡིན་པས་ཁྱེད་ཀྱིས་བཟློག་པར་མི་ནུས་ཀྱི་མ་ཟློག་ཤིག (ཅིག) །བདུད་རྩི་ཟས་ཀྱིས་གསོལ་བ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་གྱུར་ན་འདི་ལ་རིམ་པ་བཞིན་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་བྱོས་ཤིག །དེ་ནས་བདུད་རྩི་ཟས་ཀྱིས་དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། ཕོངས་པ་དང་། འགྲོ་བར་ཆས་པའི་སློང་བ་པོ་རྣམས་ཀྱི་ཕྱིར་སྦྱིན་པ་དག་གཏོང་དུ་བཅུག བསོད་ནམས་དག་བྱེད་དུ་བཅུག རང་གི་སྐྱེ་བོ་དང་གཉེན་གྱི་ཚོགས་རྣམས་ལ་ཡང་བཟོད་པ་གསོལ་དུ་བཅུག་ནས་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། གླང་པོ་ཆེ་ལ་ཞོན་ནས་སྐྱེ་བོ་དུ་མས་ཡོངས་སུ་བསྐོར་ཏེ། ནྱ་གྲོ་དྷའི་ཀུན་དགའ་ར་བ་ལོགས་སུ་ཕྱོགས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཏང་ངོ་། །དེ་ཡང་སྲང་གི་དབུས་ནས་འགྲོ་བ་ན་གླང་པོ་ཆེས་ཨུཏྤལའི་ཆུན་པོ་ཞིག་ཟོས་སོ། །མཚན་མཁན་རྣམས་ཀྱིས་མཐོང་ནས་དེ་རྣམས་ཀྱིས་སྨྲས་པ། གཞོན་ནུ་འདི་ནི་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་འགྱུར་རོ། །དེ་ཇི་ཙམ་བཞོན་པའི་སའི་བར་དུ་བཞོན་པས་སོང་ནས་བཞོན་པ་ལས་བབས་ཏེ་རྐང་པ་ཁོ་ནས་ནྱ་གྲོ་དྷའི་ཀུན་དགའ་ར་བར་ཞུགས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །བཅོམ་ལྡན་འདས་ཀྱིས་འོད་སྲུང་གཞོན་ནུ་རབ་ཏུ་ཕྱུང་ཤིག་ (ཞིག) ་ཅེས་འོད་སྲུང་སྟོབས་བཅུ་ལ་གཏད་ནས་དེས་དེ་རབ་ཏུ་ཕྱུང་བ་བསྙེན་པར་རྫོགས་པར་བྱས་སོ། །ཞེས་གསུངས་སོ། །འཕགས་པ་ཀུན་དགའ་བོ་འདི་ནི་སྐུ་གཞོན་ནུའི་དུས་ནས་ཆོས་ལ་ལྷག་པར་དད་པ་ཆེ་བ་ཞིག་སྟེ། སྔོན་ཐོག་མར་བཅོམ་ལྡན་འདས་ཀྱི་དྲུང་ནས་ཆོས་གསན་པའི་ཚེ་དབུ་ལ་ཕོག་མིག་གི་བསྙུན་གཞི་ལྕི་བས་ནོན་པ་དེ་ཉིད། འཚོ་བྱེད་ཀྱིས་གཤག་བཅོས་བྱས་ཏེ་རྣག་ཁྲག་་ཆུ་སེར་རྣམས་བསལ་ནས་ནད་སོས་པར་བྱས་ཀྱང་། ད་དུང་ཡང་མ་ཚོར་བར་ཆོས་གསན་པའི་ལོ་རྒྱུས་ཡ་མཚན་པ་ཞིག་འདུལ་བ་ལུང་ལས་འབྱུང་བ་འདི་ལྟར། འདུལ་བ་ལུང་གཞི་༼ ང་པ ༽༡༤༨ན༢ལས། དེ་ནས་བཅོམ་ལྡན་འདས་སེར་སྐྱའི་གཞིར་ཇི་ཙམ་བཞེད་ཀྱི་བར་དུ་བཞུགས་ནས་རྒྱལ་པོའི་ཁབ་གང་ན་བ་དེར་རྒྱུ་ཞིང་གཤེགས་ཏེ། རིམ་གྱིས་རྒྱུ་ཞིང་གཤེགས་པ་དང་རྒྱལ་པོའི་ཁབ་ཏུ་བྱོན་ནས། རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོའི་སྤྱི་བོར་ཕོལ་མིག་བྱུང་ནས། བཅོམ་ལྡན་འདས་ཀྱིས་འཚོ་བྱེད་ལ་བཀའ་སྩལ་པ། དགེ་སློང་ཀུན་དགའ་བོ་ལ་དཔྱད་བྱོས་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་འཚོ་བྱེད་གཞོན་ནུས་བསྐྱེད་ཀྱིས་བཅོམ་ལྡན་འདས་ལས་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་ནས་ཆོས་འཆད་དོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཡང་ཆོས་མཉན་པའི་ཕྱིར་དེ་ཉིད་ན་འདུག་གོ། འཚོ་བྱེད་གཞོན་ནུས་བསྐྱེད་ཀྱིས་བསམས་པ། འདི་ཆོས་ལ་དད་པ་བདེ་བར་གྱུར་པས་མི་ཚོར་གྱིས། དཔྱད་བྱ་བའི་དུས་ལ་བབ་བོ་སྙམ་ནས། དེས་དེའི་ཕོལ་མིག་སྨིན་པར་འགྱུར་བ་དག་བསྐུས་ནས་དེ་ཉིད་དུ་དྲལ་ཏེ་དེ་ཉིད་དུ་སོས་པར་བྱས་སོ། །དེ་ན་ཆོས་བཤད་པ་རྫོགས་ནས་འཚོ་བྱེད་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་འཕགས་པ་ཀུན་དགའ་བོ་འདི་ཉིད་ན་མཆིས་བཞིན་དུ་ཕོལ་མིག་སྨིན་པར་བགྱིས་ཏེ་བརྟོལ་ནས་སོས་པར་བགྱིས་ལགས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། གལ་ཏེ་བདག་གི་ལུས་ཏིལ་འབྲུ་ཙམ་དུ་གཏུབས་པར་གྱུར་ཀྱང་བདག་གིས་མི་ཚོར་ལགས་སོ། །བཅོམ་ལྡན་འདས་ཀྱི་ཆོས་ལས་བྱུང་བའི་དད་པས་བསམ་པ་བསྡུས་པ་ལ་འཚོ་བྱེད་མཆོག་ཏུ་ཡ་མཚན་སྐྱེས་སོ། །ཞེས་གསུངས་སོ། །དེ་ལྟར་ཀུན་དགའ་བོ་རབ་ཏུ་བྱུང་ནས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལོབས་ནས། བཅོམ་ལྡན་འདས་ཀྱིས་ཀྱང་། ཐོས་པ་འཛིན་པ་རྣམས་དང་ཐོས་པ་བསགས་པ་རྣམས་ཀྱི་ནང་ནས་ཤེས་རབ་མཆོག་ཏུ་བསྟན་ཏོ། །མདོ་སྡེའི་ཕྱོགས་ནས་ཀུན་དགའ་བོ་རྒྱུན་ཞུགས་སུ་བཤད་ཅིང་། རྒྱུད་ནས་ཀུན་ཏུ་བཟང་པོར་བཤད་དེ། རྗེའི་འགྲེལ་པ་བཞི་སྦྲགས་ལས། ཀུན་དགའ་བོ་མདོ་སྡེའི་ཕྱོགས་སུ་རྒྱུན་ཞུགས་སུ་བཤད་ལ། ཐམས་ཅད་གསང་བའི་རྒྱུད་ལས། ཀུན་ཏུ་བཟང་པོར་བཤད་པ་བཞིན་དུ་གདུལ་བྱའི་དགོས་པའི་དབང་དང༌། ཐེག་པ་ཕྱོགས་རེ་བའི་དབང་དུ་བྱས་ནས་གསུངས་པའི་ཕྱིར་རོ། །ཞེས་གསུངས་སོ། །འདིའི་ལོ་རྒྱུས་«མདོ་སྡེ་ལས་བརྒྱ་པ»མདོ་སྡེ་༼ ཧ ༽༢༦༥བ༧ དང་། ལོ་རྒྱུས་རྒྱས་པར་གཟིགས་འདོད་ན་འདུལ་བ་ལུང་གཞི་༼ ང་པ ༽༡༤༦བ༢སོགས་ལ་གཟིགས།
|