From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གོ་ལ
|
Tibetan Definition
|
(ལེགས་སྦྱར) 1 འདི་ནི་ལེགས་སྦྱར་གྱི་གཱོ་ལ་ཞེས་པ་ཅུང་ཟད་ཟུར་ཆག་པ་སྟེ། རི་རབ་ཀྱི་ཁོར་ཡུག་ཏུ་མགོ་ལ་ཉི་གདུགས་ཕུབ་པ་དང་འདྲ་བར་ཁོར་མོ་ཡུག་ཏུ་བསྐོར་ཏེ་གནས་པའི་བར་སྣང་གི་སྟོང་ཆ་ལ་གོ་ལ་ཟེར་ཞིང་། དེ་ཡི་ཐད་ཀའི་ས་ལ་སའི་གོ་ལ་ཞེས་བརྗོད་པ་ཡིན། དེ་ལྟ་བུའི་བར་སྣང་གི་སྟོང་ཆ་དེ་ལ་ནམ་མཁའི་གོ་ལ་དང་། ཉི་ཟླ་རྒྱུ་བས་ཉི་ཟླའི་གོ་ལ་དང་། རྒྱུ་སྐྱུར་རྣམས་རྒྱུ་བས་རྒྱུ་སྐར་གོ་ལ་དང་། འདི་ལ་ཁྱིམ་མམ་ཁྱིམ་གྱི་གོ་ལ་ཞེས་ཀྱང་བརྗོད་མཁན་འདུག ཁྱིམ་ཞེས་བརྗོད་པའི་རྒྱུ་མཚན་ནི་འདིས་གཟའ་སྐར་རྣམས་མི་ལྷུང་བར་འཛིན་པར་བྱེད་པའི་རྒྱུ་མཚན་གྱིས་ཡིན། མདོར་ན། དེ་ལྟ་བུའི་ཉི་ཟླའི་རྒྱུ་ལམ་གྱི་སྟོང་ཆ་དང་དེའི་ཐད་ཀྱི་ས་བཅས་ལ་གོ་ལ་ཞེས་བརྗོད་པ་ཡིན་ནོ། །མཁས་གྲུབ་ཆོས་རྗེའི་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་ལས། གོ་ལ་ཞེས་པ་ནི་སཾ་སྐྲ་ཏའི་སྐད་སོར་བཞག་ཡིན་ཅིང་དེ་ཉིད་ལོ་ཙྪ་བ་སྔ་མ་ཁ་ཅིག་གིས་ཁོང་དང༌། ཁ་ཅིག་གིས་སྦུབས་དང༌། ཁ་ཅིག་གིས་ཟླུམ་པོར་བསྒྱུར་མོད་ཀྱང༌། སྐབས་སུ་བབ་པ་ནི་ཟླུམ་པོ་ཡིན་ལ། དེ་ཡང་བསིལ་རིའི་སྟེང་གི་ནམ་མཁའི་མཐའི་བར་གྱི་ས་དང་ལན་ཚྭ་རྒྱ་མཚོའི་སྟེང་གི་ནམ་མཁའ་ལ་གཟའ་དང་རྒྱུ་སྐར་རྣམས་འདེགས་བྱེད་ཀྱི་རླུང་གིས་བཏེག་ནས་རི་རབ་དབུས་སུ་གནས་པ་ལ་བསྐོར་བའི་ཚུལ་གྱིས་འཁོར་བའི་ཟླུམ་པོ་ནི་ཁྱིམ་གྱི་གོ་ལ་ཞེས་བྱ་ཞིང༌། འདི་ནས་དུམ་བུ་བཅུ་གཉིས་པོ་ཐམས་ཅད་ཀྱི་སྤྱིའི་གོ་ལ་དང༌། ཞེས་སོགས་གསུངས་སོ། །གོ་ལ་ནི་གོང་དུ་བཤད་པ་ལྟར་ལེགས་སྦྱར་སོར་བཞག་ཡིན་ལ། དེ་ནི་སྒང་གཤོང་། ལྕི་ཡང་། སྦུབས་སྟོང་། ཟླུམ་པོ་རྣམས་ལ་འཇུག་པར། ལྕང་སྐྱ་རོལ་པའི་རྡོ་རྗེའི་བཟོ་རིག་པའི་སྐོར་གྱི་དག་ཡིག་མཁས་པའི་འབྱུང་གནས་ལས་བཤད་ཅིང་། སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ནའང་དེ་བཞིན་དུ་གསལ་ལོ། །རྒྱ་གར་གྱི་ཡུལ་སྐད་ལའང་गोल གཱོལ་ (གྷོལ་ཞེས་པ་ལྟ་བུར་བཀླག) ཞེས་པ་གོར་གོར་རམ་ཟླུམ་པོ་ལ་འཇུག་པར་ཡོངས་གྲགས་ཡིན། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ནི། གོ་ལ་ཞེས་པ་ནམ་མཁར་ཁྱབ་པའི་རླུང་གི་དཀྱིལ་འཁོར་ཟླུམ་པོ་ཞིག་ལ་བཤད་དེ། ཤེས་བྱ་མཛོད་འགྲེལ་སྟོད་ཆ་༢༢༡ལས། ལྷའི་གཞལ་ཡས་ཁང་རྣམས་འདེགས་པར་བྱེད་པའི་རླུང་གི་ཆོས་ཅན་གྱི་འཁོར་ལོ་རི་རབ་ལ་ཉེ་བ་ཅུང་ཟད་མཐོ་བས་སྒུར་པོ་གཞུའི་དབྱིབས། མེ་རི་ལ་ཉེ་བ་ཅུང་ཟད་དམའ་བ་པད་འདབ་ཀྱི་རྣམ་པ་ཕྱོགས་ཀུན་ཏུ་ཟླུམ་པོ་གནས་པ་ཞིག་ཡོད་ལ། སྒྲ་བཤད་ནི། གོ་ལ་ཞེས་པ་སྦུབས་ཁོང་སྒང་གཤོང་ཟླུམ། །ལྕི་ཡང་སོགས་སུ་བསྒྱུར་དུ་རུང་བའི་སྒྲ། །ལེགས་པར་བསྒྱུར་ན་མཐོ་རིས་འཛིན་དུ་འགྱུར། །ཞེས་པ་ལྟར་རོ། ། 2 སྔོའི་ལོ་མ་ལས་བཟོས་པའི་ཁ་དོག་དམར་ལ་རོ་སྐྱུར་སེང་ངེ་བའི་བཏུང་བ་ཞིག་གི་མིང་། འདི་སྔ་མོ་རྒྱ་གར་གྱི་ནང་པའི་གྲྭ་པ་རྣམས་ཀྱི་བཏུང་བ་ཞིག་ཡིན། འདི་ལ་ཆོས་སྐད་དུ་ཏམྦུ་ལ་ཟེར་ཞིང་། ཕལ་སྐད་དམ། བལ་པོའི་སྐད་དུ་གོ་ལ་ཟེར་ཏེ། ཆག་ལོའི་རྣམ་ཐར་ལས། རྒྱ་གར་དང་། བལ་པོ་ན་སྔོའི་ལོ་མ་སའི་སྟེང་དུ་བཀྲམ་པ་ལྟར་སྐྱེ་བ། ཀོང་པོ་མེད་པ་ཅིག་ལ་ར་ཕྱུགས་ཀྱི་རྨིག་པ་ལ་སོགས་ཀྱིས་མ་རལ་བ་དགོས། རལ་བའམ་སྐྱོན་ཅན་ཞིག་ཟླ་ལ་ཤོར་ན་ཟླ་བོ་སྐྱོན་མེད་ཐམས་ཅད་ཀྱང་རུལ་བར་འདུག གྲོགས་ངན་ཡང་གོ་ལ་རུལ་བ་དང་འདྲ། ཟླ་བོ་ཐམས་ཅད་རུལ་དུ་བཅུག ལོ་མ་དེའི་རུལ་བ་གྲིས་བཅད་ཅིང་བོར་ནས་འགྲོན་བུ་བསྲེགས་པའི་ཐལ་བ་བཏབ། དེ་ཆང་ཕབས་འདེབས་པའི་དོད་པོ་ཡིན་ཞིང་བར་དུ་དྲི་བཟང་བཏབ་ནས་ཞག་གཉིས་གོས་ཀྱིས་མནན་པ་ལངས་པ་དེ་ལ་པཱན་ཟེར། བོད་སྐད་དུ་བཏུང་བ། དེ་ལ་ཆོས་སྐད་དུ་ཏམྦུ་ལ། ཕལ་སྐད་དམ་བལ་པོའི་སྐད་དུ་གོ་ལ། བོད་སྐད་དུ་སོ་རྩི་ཞེས་པར་བསྒྱུར་ཏེ། དེའི་ཁ་དོག་དམར་པོ་སྐྱུར་སིང་ངེ་བ་བན་དེ་རྣམས་ཀྱི་བཏུང་བ་ཡིན། རྒྱ་གར་ན་བན་དེ་ཆང་མི་འཐུང་། ཞེས་གསུངས་པ་ལྟར་རོ། །ཡང་ཀློང་རྡོལ་བླ་མའི་གླེགས་བམ་དང་པོ་༧༢༧ལས། རྒྱ་ནག་སྲ་རྩིའི་རྒྱུ་བསེ་ཤིང་གི་འབྲས་བུའི་ཁུ་བ་ལ་གོ་ལ་ཟེར། ཞེས་འབྱུང་བ་གོང་དང་འདྲ་མིན་དཔྱད། 3 མགྲོན་བུ་བསྲེགས་པའི་ཐལ་བའི་མིང་། ཀློང་རྡོལ་བླ་མ་གསུང་། 4 སྨན་གོ་ལ། སྨན་གོ་ལ་ནི། རྒྱ་གར་གོ་ཡུ་དང་། མོན་གོ་ཡུ་གཉིས་ལ་སྨན་གོ་ལ་ཟེར། ཞེས་ཀློང་རྡོལ་བླ་མ་གསུང་། 5 རྩྭ་གོ་ལ་ཟེར་བ་ཞིག་ཀྱང་ཡོད་པ་ཀློང་རྡོལ་བླ་མ་གསུང་ངོ་། །
|