1827

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གླང་རི་ཐང་པ
Tibetan Definition བཀའ་གདམས་པའི་དགེ་བཤེས་པོ་ཏོ་བའི་སློབ་མ་གླང་ཤར་གཉིས་ཤེས་གྲགས་པའི་ཡ་གྱལ། གླང་རི་ཐང་པ་རྡོ་རྗེ་སེངྒེ་ནི། རབ་བྱུང་དང་པོའི་ཤིང་ཕོ་རྟ་སྟེ། ཕྱི་ལོ་༡༠༥༤ ལོར་འཁྲུངས་ནས། རབ་བྱུང་གཉིས་པའི་ཆུ་མོ་ཡོས་ཏེ། ཕྱི་ལོ་༡༡༢༣ལོའི་བར་དགུང་ལོ་བདུན་བཅུ་བཞུགས། ཚོགས་པ་ཡུན་རིང་དུ་བསྐྱངས། བློ་སྦྱོང་ཚིགས་བརྒྱད་མར་གྲགས་པ་ཡང་ཁོང་གིས་མཛད། ཤ་ར་བའི་སློབ་མ་དགེ་བཤེས་མཆད་ཁ་བ་རིག་པའི་གནས་ལྔ་ལ་མཁས་ཀྱང་མ་ཚིམ་པར། གྱོང་ཁ་རང་གིས་ལེན་པ་དང༌། །རྒྱལ་ཁ་གཞན་ལ་འབུལ་བར་ཤོག །ཞེས་སོགས་གླང་ཐང་པའི་བློ་སྦྱོང་ཚིགས་བརྒྱད་མ་འདི་གཟིགས་ནས་དེས་ཐུགས་ཕྲོགས་ཏེ་རྩད་གཅད་པར་བྱོན་པ་ན། གླང་ཐང་པ་གཤེགས་ཟིན་ཤུལ་ཤ་ར་བ་དང་མཇལ་ནས། བློ་སྦྱོང་གི་གདམས་ངག་ཞུས་ཏེ་བསྒོམས་པས་བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་འཁྲུངས། མཛེ་ནད་ཅན་མང་པོར་ཡང་བློ་སྦྱོང་གི་གདམས་པ་འདི་གནང་ནས་བསྒོམས་པས་ནད་ལས་གྲོལ་བས་མཛེ་ཆོས་སུ་གྲགས་པའང་བྱུང༌ངོ་། །པོ་ཏོ་བའི་མཛད་པ་བཞིན་དུ་བྱམས་ཆོས་ལ་སོགས་པའི་གཞུང་ཆེ་བ་རྣམས་ཀྱི་བཤད་པ་མཛད་དེ་སློབ་མ་སྐྱོང་། ལན་ཅིག་གི་ཚེ་ཚེ་རབས་ཐམས་ཅད་དུ་དགེ་སློང་གི་དངོས་པོ་དང་མི་འབྲལ་བའི་དམ་བཅའ་བརྟན་པོ་མཛད་པས། དཔལ་ལྷ་མོ་དྲེའུའི་སྐད་ལྷང་ངེ་བྱོན་ནས་དེའི་བར་དུ་ངས་ཁྱོད་ཀྱི་གྲོགས་བྱའོ་གསུང་སྐད། ཁྱུང་པོ་རྣལ་འབྱོར་གྱིས་ཀྱང་། ཁོང་སངས་རྒྱས་འོད་དཔག་མེད་ཀྱི་སྤྲུལ་པ་ཡིན་ཟེར་ནས་དབུ་སྐྲ་གཅོད་ས་མཛད། གླང་ཐང་པ་ཕྱིས་སྣེའུ་ཟུར་པའི་ཡང་སློབ་མར་གྱུར། ཚོགས་པ་ཉིས་སྟོང་ཙམ་འདུས་པ་བཅས་སོ། ། (10 5 4-11 2 3)