From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གླིང་བསྲེ་དགེ་བཤེས
|
Tibetan Definition
|
དགེ་བཤེས་ཆུང་ཁག་གི་གྲས་ཤིག སེར་བྱེས་མཁས་སྙན་གྲྭ་ཚང་གི་གསུང་རྒྱུན་ལ་ལྷ་ཚོགས་གཉིས་ལན་གཙོ་བོ་དང་། གླིང་བསྲེ་དང་རིགས་རམས་པ་གཉིས་བཤད་པ་གཙོ་བོ་ཡིན་ཞེས་བཤད་སྲོལ་ཡོད། འདི་ལ་གླིང་བསྲེ་ཞེས་པའི་ཐ་སྙད་ཐོགས་ཚུལ་ནི། གླིང་བསྲེ་དགེ་བཤེས་ཀྱི་སྲོལ་རྒྱུན་ཐོག་མའི་འབྱུང་ཁུངས་ནི། མཉམ་མེད་ཇོ་བོ་ཆེན་པོའི་སློབ་མ་རྔོག་ལེགས་པའི་ཤེས་རབ་ཀྱིས་ཇོ་བོའི་བཀའ་ལུང་ལྟར་ཕྱི་ལོ་༡༠༧༣ལོར་གསང་ཕུ་ནེའུ་ཐོག་དགོན་པ་ཕྱག་བཏབ་ཅིང་། གངས་ཅན་གྱི་ལྗོངས་ཀྱི་ལུང་རིགས་ཀྱི་བཤད་གྲྭ་དང་རྩོད་གྲྭའི་ཐོག་མའི་འབྱུང་ཁུངས་ཡང་འདི་ཉིད་ཡིན། དེ་ཡང་ཇོ་བོའི་ཉམས་སྣང་ལ་བྱམས་འཇམ་དབྱངས་གཉིས་དྲང་ངེས་ལ་བགྲོ་གླེང་མཛད་པའི་ཚུལ་གཟིགས་པའི་རྟེན་འབྲེལ་གྱི་དབང་གིས་གླིང་སྟོད་སྨད་གཉིས་སུ་གྱེས་པ་དང་། ཕྱིས་སུ་བསྟན་པ་ལ་བཟང་འགྲན་གྱི་ཚུལ་དུ་གླིང་སྟོད་སྨད་བསྲེས་ནས་དམ་བཅའ་འཇོག་པའི་སྲོལ་བྱུང་བ་ལ་གླིང་བསྲེའི་དམ་བཅའ་ཞེས་གྲགས་ཤིང་། སྲོལ་རྒྱུན་འདི་ད་ལྟའི་རི་བོ་དགེ་ལྡན་པའི་གྲྭ་ས་ཁག་ཏུ་མ་ཉམས་པར་བཞུགས་སོ། །
|