1855

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གླེང་གཞི
Tibetan Definition (འདུལ་བ) 1 བསླབ་པའམ་ཁྲིམས་བཅའ་བའི་རྒྱུ་ལ་ཟེར། དཔེར་ན་མི་ཚངས་སྤྱོད་ཀྱི་གླེང་གཞི་ཞེས་པ་ལྟ་བུ། རྣམ་འབྱེད་འགྲེལ་༼ ཚུ ༽༡༩བ༣ལས། གླེང་གཞི་འདི་ཞེས་བྱ་བ་ནི་བསླབ་པ་བཅས་པའི་རྒྱུ་འདིའོ། །ཞེས་གསུངས་པ་ལྟར་རོ། ། 2 མདོ་རྒྱུད་ཀྱི་གཞུང་དངོས་གཞིའི་སྔོན་དུ་དེ་དག་གསུངས་པའི་དུས་དང་། སྟོན་པ། གནས། འཁོར་རྣམས་སྟོན་པའི་ཐོག་མའི་གཞུང་ཚན་ཞིག སྒྲ་བཤད་ནི། གསུང་བའི་རྒྱུ་ཞེས་པ་སྟེ། དེ་ཡང་གླེང་ཞེས་པ་ནི་གསུང་བའི་དོན་ཡིན་ལ། གཞི་ནི་རྒྱུའོ། །དེ་ཡང་མདོ་རྒྱུད་གསུང་བའི་རྒྱུ་ནི་རྣམ་པ་གསུམ་སྟེ། སྟོན་པ། གནས། འཁོར་དང་གསུམ་མོ། །དེ་གསུམ་ཚང་ན་མདོ་རྒྱུད་རྣམས་གསུང་བར་འགྱུར་གྱི་མ་ཚང་ན་མི་གསུང་བས་རྒྱུ་ཞེས་བྱའོ། །དེ་ཡང་སྟོན་པ་གང་ལས་ཐོས། གནས་གང་དུ་ཐོས། འཁོར་གང་དང་ལྷན་ཅིག་ཏུ་ཐོས་པ་སྟེ་རྒྱུ་གསུམ་པོ་དག་བསྟན་པའི་ཕྱིར་གླེང་གཞི་ཞེས་བྱའོ། །རྗེའི་གསུང་ལ་གཞི་བྱས། ཤེས་རབ་སྙིང་པོ་ལྟ་བུ་ལ་སྦྱར་ནས་བཤད་ན། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པས་དུས། བཅོམ་ལྡན་འདས་ཞེས་པས་སྟོན་པ། རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་གནས། དགེ་སློང་གི་དགེ་འདུན་ཆེན་པོ་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ་ཞེས་པས་འཁོར་ཕུན་སུམ་ཚོགས་པ་བསྟན་པ་ལྟ་བུའོ། །