1878

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ང་རྒྱལ
Tibetan Definition <མཱ་ནཿ> (མཛོད) 1 ཁེངས་སེམས། ང་རྒྱལ་གྱི་ངོ་བོ་ནི། གཞན་ལ་མི་གུས་པའི་སེམས་ཁེངས་པའི་རྣམ་པ་ཅན་གྱི་སེམས་བྱུང་ཞིག་ལ་ཟེར། ང་རྒྱལ་གྱི་སྐད་དོད་མཱ་ན་ཞེས་པ། བྱེ་བྲག་རྟོགས་བྱེད་ཆེན་པོ་༤༠བ༤ན་གསལ། ཁེངས་པའི་སྒྲ་བཤད་ནི། དཔེར་ན་གྲང་ངར་གྱིས་འཁེངས་པའམ་རེངས་པའི་དངོས་པོ་རྣམས་མི་གུག་པའམ་མི་དུད་པ་ལྟར། སེམས་ཁེངས་པའམ་རེངས་པའི་གང་ཟག་དེ་གཞན་ལ་མི་འདུད་ཅིང་མི་གུས་པས་དེ་ལྟར་དུ་བཏགས་སོ། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་ལས། ཁེངས་པ་ནི་རེངས་པའོ། །ཞེས་གསུངས་སོ། །ཁེངས་པའམ་རེངས་པའི་སྐད་དོད་སྟཾ་བྷ་ཞེས་པ་བྱེ་རྟོགས་༡༠༤བ༢ན་གསལ། ཡང་རྗེ་ཙོང་ཁ་པ་ཆེན་པོས་ལམ་རིམ་ཆེན་མོར། ཁེངས་པའི་དོན་མཐོ་བ་ལ་གསུངས་ཏེ། དེ་ཉིད་ལས། ང་རྒྱལ་ནི། འཇིག་ལྟ་ལ་བརྟེན་ཏེ་ཕྱིའམ་ནང་གི་མཐོ་དམན་དང་བཟང་ངན་ལ་དམིགས་ནས་སེམས་ཁེངས་པ་སྟེ། མཐོ་བའི་རྣམ་པ་ཅན་དུ་འཇུག་པའོ། །ཞེས་གསུངས་སོ། ། 2 མོས་པ་བརྟན་པོ། ལྷའི་ང་རྒྱལ་དང་གསལ་སྣང་ཞེས་པ་ལྟ་བུ། དེ་ཡང་རང་དང་རྒྱུད་གཅིག་པའི་གསང་བ་འདུས་པ་ལྟ་བུར་ང་རྒྱལ་བཞག་སྟེ། སྐུ་ཡོངས་དག་སོགས་ཡོངས་དག་བཞི་ལ་ང་རྒྱལ་འཇོག་པར། རྒྱལ་ཚབ་རིན་པོ་ཆེས་གསུངས་ཞེས་མཁས་པ་དག་གསུང་།  3སྤོབས་པའམ་བློའི་བརྟན་པ་བསྐྱེད་པ། བློ་སྟོབས་བསྐྱེད་པ། སྤྱོད་འཇུག་ལས། ལས་དང་ཉོན་མོངས་ནུས་པ་སྟེ། །གསུམ་པོ་དག་ལ་ང་རྒྱལ་བྱ། །ཞེས་གསུངས་པ་ལྟར་རོ། །ང་རྒྱལ་གསུམ་གྱི་འགྲེལ་བཤད་ང་རྒྱལ་གསུམ་ཞེས་པའི་ཐད་དུ་གཟིགས།