From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ངེས་པ་ལྔ
|
Tibetan Definition
|
(འདུལ་བ) སྡོམ་པ་ལེན་པའི་ཀུན་སློང་གི་སྐྱོན་ལྔ་སྟེ། སེམས་ཅན་ངེས་པ། ཡན་ལག་ངེས་པ། ཡུལ་ངེས་པ། དུས་ངེས་པ། ཚེ་ངེས་པ་དང་ལྔའོ། །དེ་ཡང་སེམས་ཅན་ངེས་པ་ཞེས་པ་ནི། སྲོག་གཅོད་ལྟ་བུ་ལ་མཚོན་ན་སེམས་ཅན་གཞན་ལ་སྤོང་ལ། སྦྲུལ་དང་ཙི་ཙི་དང་རང་གི་དགྲ་ལྟ་བུ་ལ་མི་སྤོང་སྙམ་པ་ནི་སེམས་ཅན་ངེས་པ། ཡན་ལག་ངེས་པ་ནི། ཆང་འཐུང་བ་སྤོང་ལ་ཡན་ལག་ཐམས་ཅད་མི་སྤོང་སྙམ་པ་ནི་ཡན་ལག་ངེས་པ། ཡུལ་ངེས་པ་ནི། བོད་དང་རྒྱ་གར་དུ་སྡོམ་པ་སྲུང་ལ། ཕྱི་རྒྱལ་དུ་མི་སྲུང་སྙམ་པ་ནི་ཡུལ་ངེས་པ། དུས་ངེས་པ་ནི། ལོ་གཅིག་ཙམ་གྱི་རིང་སྡོམ་པ་སྲུང་ལ། དེ་ནས་མི་སྲུང་སྙམ་པ་ནི་དུས་ངེས་པ་དང་། ཚེ་ངེས་པ་ནི། སྤྱིར་བཏང་སྡོམ་པ་སྲུང་ལ། དམག་འཁྲུག་དང་མུ་གེ་ལྟ་བུའི་ཚེ་མི་སྲུང་སྙམ་པ་དང་ལྔའོ། །དེ་ཡང་མཛོད་རང་འགྲེལ་ལས། ངེས་པ་ལྔ་པོ་སེམས་ཅན་དང༌། །ཡན་ལག་དང་ཡུལ་དང༌། དུས་དང༌། ཚེ་ངེས་པ་མི་བྱེད་ན་སོ་སོར་ཐར་པའི་སྡོམ་པ་འཐོབ་སྟེ། སེམས་ཅན་ཆེ་གེ་མོ་ཞིག་ལས་སྤོང་ངོ་ཞེས་བྱ་བ་ནི་སེམས་ཅན་ངེས་པའོ། །ཡན་ལག་ཆེ་གེ་མོ་ཞིག་ལས་ཞེས་བྱ་བ་ནི་ཡན་ལག་ངེས་པའོ། །ཡུལ་ཆེ་གེ་མོ་ཞིག་ཏུ་ཞེས་བྱ་བ་ནི་ཡུལ་ངེས་པའོ། །ཟླ་བའི་བར་དུ་ཞེས་བྱ་བ་ནི་དུས་ངེས་པའོ། །འཐབ་མོ་མ་གཏོགས་སོ་ཞེས་བྱ་བ་ནི་ཚེ་ངེས་པ་སྟེ། དེ་ལྟར་མནོས་ན་ལེགས་པར་སྤྱད་པ་ཙམ་དུ་ནི་འགྱུར་རོ། །ཞེས་གསུངས་སོ། །
|