1949

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངེས་པར་འབྱུང་བ
Tibetan Definition (འདུལ་བ) 1 མྱང་འདས་ལ་ཟེར། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱི་འདུལ་བ་མདོའི་རྒྱ་ཆེར་འགྲེལ་པ་༢བ༣ལས། ངེས་པར་འབྱུང་བ་ནི་མྱ་ངན་ལས་འདས་པ་སྟེ། ཞེས་གསུངས་ཤིང་། བུ་སྟོན་རིན་པོ་ཆེས་ཀྱང་དེ་བཞིན་དུ་གསུངས་སོ། །སྒྲ་བཤད་ནི། ངེས་པ་ནི་ཕྱིར་མི་ལྡོག་པ། འབྱུང་བ་ནི་འཐོབ་པར་བྱ་བ་སྟེ་ཕྱིར་མི་ལྡོག་པར་འཐོབ་པར་བྱ་བ་ཞེས་པའི་དོན་ནོ། །དེ་ཡང་ངེས་པ་ཞེས་པ་གདོན་མི་ཟ་བ་དང་། རྟག་པ་གཉིས་ལ་འཇུག་ཀྱང་འདིར་རྟག་པའི་དོན་ཏེ། བུ་སྟོན་རིན་པོ་ཆེའི་འདུལ་བ་མདོའི་དོན་རྣམ་པར་འབྱེད་པ་འདུལ་བ་རྒྱ་མཚོའི་སྙིང་པོ་རབ་ཏུ་གསལ་བར་བྱེད་པ་༤ན༤ལས། ངེས་པ་ནི། གདོན་མི་ཟ་བ་དང་། རྟག་པ་གཉིས་ལ་འཇུག་པ་ལས། འདིར་རྟག་པ་གཟུང་སྟེ། དེ་ཐོབ་ན། སླར་འཁོར་བར་ཕྱིར་མི་ལྡོག་པས་རྟག་པ་ཡིན་གྱི། མུ་སྟེགས་པས་བཏགས་པའི་རྟག་པ་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །ཕྱིར་མི་ལྡོག་པར་འཐོབ་པར་བྱ་བ་ནི་འཐོབ་བྱ་བརྟན་པོ་ཞེས་པའི་དོན་ནོ། །ཡང་ན་གདོན་མི་ཟ་བར་འཐོབ་པར་བྱ་བ་ཡིན་པས་ན་ངེས་པར་འབྱུང་བ་ཞེས་ཀྱང་བྱའོ། །དེ་ཡང་འབྱུང་བའི་སྒྲ་ནི། འཐོབ་པ། འགྲོ་བ། གནས་པ། བཞོན་པ། ལམ་བཅས་ལ་འཇུག་པར་བཤད། འདིར་ངེས་པར་ཞེས་པའི་སྒྲ་དང་འབྲེལ་བས་འཐོབ་པ་ལ་འཇུག་པར་སློབ་དཔོན་ཆོས་བཤེས་ཀྱི་འདུལ་བ་མདོའི་རྒྱ་ཆེར་འགྲེལ་པ་དང་མཚོ་ཊཱིཀ་ལས་བཤད་དེ། འདུལ་བ་མདོ་རྩ་བའི་རྒྱ་ཆེར་འགྲེལ་པ་༣ན༣ལས། འབྱུང་བ་ཞེས་བྱ་བའི་སྒྲ་འདི་ནི་དོན་མང་པོ་ཞིག་ལ་ཡང་མཐོང་སྟེ། འདི་ལྟ་སྟེ། རྐང་གིས་འགྲོ་བ་ལ་གྲོང་དུ་འབྱུང་བ་དང་། གྲོང་ཁྱེར་དུ་འབྱུང་བ་ཞེས་བྱ་ལྟ་བུའོ། །བཞོན་པའི་དོན་ལ་ཡང་མཐོང་སྟེ། འདི་ལྟ་སྟེ་དཔེར་ན། གླང་པོས་འབྱུང་བ་དང་། རྟས་འབྱུང་བ་ཞེས་བྱ་བ་ལྟ་བུའོ། །ལམ་ལ་ཡང་འབྱུང་བ་ཞེས་བྱ་སྟེ། དེ་ནས་འབྱུང་བའི་ཕྱིར་རོ། །འཐོབ་པར་བྱ་བ་ལ་ཡང་འབྱུང་བ་ཞེས་བྱ་སྟེ། འབྱུང་བ་ནི་འཐོབ་པར་བྱ་བའོ་ཞེས་ཟེར་བའི་ཕྱིར་རོ། །དེ་དག་ལ་འདིར་ནི་འབྱུང་བའི་སྒྲ་འཐོབ་པར་བྱ་བ་ཁོ་ནར་བཟུང་སྟེ། ངེས་པར་ཞེས་བྱ་བའི་སྒྲ་སྨོས་པའི་ཕྱིར་རོ། །ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བ་སྟེ། ཕྱིར་མི་ལྡོག་པར་འཐོབ་པར་བྱ་བ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་པ་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ། ཞེས་གསུངས་པ་ལྟར་རོ། །མཚོ་ཊཱིཀ་ལས་ཀྱང་དེ་བཞིན་དུ་གསུངས།  2 (མིང་ཚིག) གདོན་མི་ཟ་བར་འཐོབ་པར་འདོད་པ་སྟེ། ངེས་འབྱུང་གི་བསམ་པ་ལའང་གོའོ། ། 3 (བྱ་ཚིག) འཁོར་བ་ལ་སྐྱོ་ཤས་སྐྱེས་ཏེ་དེ་ལ་ཐར་ཐབས་བྱེད་པའི་བྱ་བའི་མིང་། འཁོར་བ་ལས་ངེས་པར་འབྱུང་བ་ཞེས་པ་ལྟ་བུ།