From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ངེས་ཤེས་ཡུལ་གྱི་འཛིན་སྟངས་ཞེས་པ་ལ་དོགས་གཅོད
|
Tibetan Definition
|
(དབུ་མ) བླུན་རྨོངས་འགའ་ཞིག་གིས། རྗེ་ཙོང་ཁ་པ་ཆེན་པོའི་ལམ་གཙོ་རྣམ་གསུམ་ལས། ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་བསླུ་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །ཞེས་གསུངས་པ་ལ། ཚིག་མཚམས་གཅོད་ཚུལ་མ་ཤེས་པར། ངེས་ཤེས་ཡུལ་གྱི་འཛིན་སྟངས། ཞེས་མར་འབྲེལ་ནས་བཀླགས་ཤིང་། དེ་བདེན་འཛིན་ལ་གསུངས་པར་འཁྲུལ་ནས། རྗེ་ཙོང་ཁ་པས་བདེན་འཛིན་ལ་ངེས་ཤེས་ཀྱི་ཐ་སྙད་སྦྱར་འདུག་པ་དེ་ནི་རྒྱ་བོད་ཀྱི་མཁས་པ་སུས་ཀྱང་མ་གསུངས་པའི་ལོག་བཤད་ཅིག་རེད་ཅེས་བསྐུར་བ་འདེབས་པ་ལ་བྲེལ་བ་ནི། གཞུང་ཟབ་མོའི་དགོངས་དོན་ལོན་རྒྱུ་ལྟ་ཞོག་ཐ་ན་ཚིག་གི་གཅོད་མཚམས་ཙམ་ཡང་ལེགས་པོ་མི་ཤེས་པའི་བླུན་པོ་ཞིག་གིས། རྗེ་ཙོང་ཁ་པ་ཆེན་པོ་ལྟ་བུའི་ཚད་མའི་སྐྱེས་བུ་ལ་དགག་པ་གཏོང་ཁུལ་བྱེད་པ་ནི་བཞད་གད་ཀྱི་གནས་སོ། །ཚིག་དེའི་འདི་ལྟར་འགྲེལ་དགོས་ཏེ། སྣང་སྟོང་གཉིས་པོ་རེས་འཇོག་མ་ཡིན་པར། སྣང་ཞིང་སྲིད་པའི་རྟེན་འབྲེལ་གྱི་ཆོས་མཐོང་ཙམ་ཉིད་ནས་སྟོང་ཉིད་ལ་ངེས་ཤེས་ལྷང་གིས་སྐྱེས་པ་དེའི་ཚེ་ཞེས་འགྲེལ་དགོས་ཀྱི། ཁྱོད་ལྟར་ངེས་ཤེས་ཡུལ་གྱི་འཛིན་སྟངས་ཞེས་མར་འབྲེལ་ནས་འགྲེལ་བཤད་བྱ་རྒྱུ་མ་ཡིན་པའི་ཕྱིར་རོ། །དེ་ཡང་། དེའི་ཐད་ཀྱི་རྒྱལ་མཆོག་ལྔ་པའི་ལམ་གཙོའི་མཆན་འགྲེལ་ལས། སྣང་བ་ (རྒྱུ་འདི་ལ་འབྲས་བུ་འདི་འབྱུང་ཞེས) རྟེན་འབྲེལ་ (ནམ་དུ་ཡང) བསླུ་བ་མེད་པ (འི་དོན་ལ་གཏིང་ཚུགས་པའི་གོ་བ) དང་། ། (ཀུན་རྫོབ་ཀྱི་ཆོས་རྣམས་གདོད་མ་ནས་གྲུབ་པ་ཅུང་ཟད་ཀྱང་མེད་པས་) སྟོང་པ་ (ཉིད་མཐའ་གཉིས་དང་བྲལ་ལ་རང་གི་ངོ་བོས་གྲུབ་པའི་ཆོས་རྡུལ་ཙམ་ཡང)ཁས་ལེན་བྲལ་བའི་(དོན་ལ་ངེས་ཤེས་རྙེད་པའི)གོ་བ་གཉིས་(པོ་དེ) ། །ཇི་སྲིད་སོ་སོར་སྣང་བ་ (སྟེ་ཚ་གྲང་ལྟར་འགལ་བར་བཟུང་བ) དེ་སྲིད་ (ཀྱི་བར་དུ) ། ད་དུང་ཐུབ་པའི་ (མཐར་ཐུག་གི) དགོངས་པ་ (ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་བཀྲལ་བ་ལྟར) རྟོགས་པ་མེད (པ་སྟེ་མ་རྟོགས་སོ) ། ། (གང་ཟག་དེས) ནམ་ཞིག་ (སྔར་བཤད་པའི་གོ་བ་དེ་གཉིས) རེས་ (མོས་སུ) འཇོག་པ་མེད་པར་ཅིག་ཅར་དུ། ། (གཅིག་ལ་ངེས་པ་འདྲོངས་པས་ཅིག་ཤོས་ལ་ཡང་འབད་མེད་དུ་ངེས་པ་རྙེད་པ་ཞིག་དགོས་པས) རྟེན་འབྲེལ་ (གྱི་ཚུལ) མི་བསླུ་ (བར) མཐོང་བ་ཙམ་ཉིད་ (ལ་བརྟེན) ནས། (དེ་ལྟ་བུའི) ངེས་ཤེས་ (ལྷང་གིས་སྐྱེས་པ་དེའི་ཚེ) ཡུལ་ (རང་བཞིན་གྱིས་གྲུབ་པར་འཛིན་པའི་བདེན་འཛིན) གྱི་ (བློའི) འཛིན་སྟངས་ཀུན་འཇིག་ (ཐུབ་པའི་ངེས་པ་རྙེད་པ) ན། དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། ། (སོ) ཞེས་གསལ་བར་གསུངས་པས་སོ། །
|