From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆང་གི་ཉེས་དམིགས
|
Tibetan Definition
|
(འདུལ་བ) ཆང་གི་ཉེས་དམིགས། (འདུལ་བ) ཆང་གི་ཉེས་དམིགས་སུམ་ཅུ་རྩ་དྲུག་ནི། ལས་རྣམ་པར་འབྱེད་པ་ཞེས་བྱ་བ། མདོ་༼ ས ༽༢༩༣བ༣ལས། འབྲུའི་ཆང་དང་སྦྱར་བའི་ཆང་བག་མེད་པའི་གནས་ལ། ཉེས་དམིགས་སུམ་ཅུ་རྩ་དྲུག་ཏུ་རིག་པར་བྱ་སྟེ། སུམ་ཅུ་རྩ་དྲུག་གང་ཞེ་ན། ཚེ་འདི་ལ་ནོར་ཟད་པ་དང་། ནད་ཀྱི་གཞིར་འགྱུར་བ་དང་། འཐབ་པ་དང་། མཚང་འདྲུ་བ་དང་། རྩོད་པ་འཕེལ་བ་དང་། སྦ་བའི་གནས་སྟོན་པ་དང་། མི་སྙན་པ་སྐྱེད་པ་དང་། ཤེས་རབ་ཉམས་པར་བྱེད་པ་དང་། མ་ཐོབ་པའི་ལོངས་སྤྱོད་རྣམས་མི་འཐོབ་པ་དང་། ལོངས་སྤྱོད་ཐོབ་པ་རྣམས་ལས་ཡོངས་སུ་ཉམས་པར་འགྱུར་བ་དང་། གསང་བ་རྣམས་སྨྲ་བ་དང་། ལས་སུ་བྱ་བ་རྣམས་ཡོངས་སུ་ཉམས་པ་དང་། མྱ་ངན་གྱི་རྩ་བར་འགྱུར་བ་དང་། ཉམ་ཆུང་བར་འགྱུར་བ་དང་། མར་མི་འཛིན་པར་འགྱུར་བ་དང་། ཕར་མི་འཛིན་པར་འགྱུར་བ་དང་། དགེ་སྦྱོང་དུ་མི་འཛིན་པར་འགྱུར་བ་དང་། བྲམ་ཟེར་མི་འཛིན་པར་འགྱུར་བ་དང་། རིགས་ཀྱི་གཙོ་བོ་ལ་རིམ་གྲོ་མེད་པར་འགྱུར་བ་དང་། སངས་རྒྱས་ལ་གུས་པར་མི་འགྱུར་བ་དང་། ཆོས་ལ་གུས་པར་མི་འགྱུར་བ་དང་། སྡིག་པའི་གྲོགས་པས་ཡོངས་སུ་ཟིན་པར་འགྱུར་བ་དང་། དགེ་བའི་བཤེས་གཉེན་གྱིས་རྣམ་པར་སྤངས་པ་དང་། ངོ་ཚ་མེད་པར་འགྱུར་བ་དང་། འཛེམ་པ་མེད་པར་འགྱུར་བ་དང་། དབང་པོའི་སྒོ་མ་བསྡམས་པར་འགྱུར་བ་དང་། བུད་མེད་རྣམས་ལ་ཤིན་ཏུ་བག་མེད་པར་འགྱུར་བ་དང་། སྐྱེ་བོ་མང་པོའི་ཡིད་དུ་མི་འོང་བར་འགྱུར་བ་དང་། སྐྱེ་བོ་མང་པོ་དང་མི་མཐུན་པ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་བཙུན་པ་རྣམས་ཀྱིས་སྨད་པར་འགྱུར་བ་དང་། དམ་པའི་ཆོས་ཡོངས་སུ་སྤོང་བ་དང་། མཁས་པ་རྣམས་དེ་ལ་ཡིད་མི་འཇོག་པར་སེམས་པ་དང་། བག་བྱ་བ་ལ་གཡེལ་བ་དང་དེ་མྱ་ངན་ལས་པ་ལས་རིང་དུ་འགྱུར་བ་དང་མྱོས་པར་འགྱུར་བའི་ལས་བྱེད་ཅིང་སོག་པ་དང་། ལུས་ཞིག་ནས་ཚེ་འཕོས་པའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བའོ། །ཞེས་གསུངས་སོ། །གཞན་ཡང་ཆང་གི་ཉེས་པས་དམྱལ་བ་ངུ་འབོད་དུ་སྐྱེ་བར་མདོ་སྡེ་དྲན་པ་ཉེར་གཞག་ལས་གསུངས་སོ། །གཞན་ཡང་འདིའི་ཉེས་དམིགས་སྐོར་མདོ་སྡེ་དྲན་པ་ཉེར་གཞག་༼ ཡ་པ ༽༡༧༣བ༥ལས། དེར་གནོད་པ་འདི་ལྟར་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། ཕྲ་སྐམ་གྱིས་ཁ་གདངས་པའི་ནང་དུ། ཟངས་དམར་པོ་བསྐོལ་བ་རབ་ཏུ་འབར་བ་ལྡུགས་སོ། །དེ་འཐུང་བ་ནི་དེའི་ཚེ་སྔར་མཆུ་སྲེག་གོ། མཆུ་བསྲེགས་ནས་རྐན་སྲེག་གོ། རྐན་བསྲེགས་ནས་ལྕེ་སྲེག་གོ། ལྕེ་བསྲེགས་ནས་མིད་པ་སྲེག་གོ། དེ་བཞིན་དུ་ཨོལ་གོང་། དེ་བཞིན་དུ་གཉེ་མ་དང་རྒྱུ་མ། དེ་བཞིན་དུ་ཕོ་བ་དང་ལོང་ཀ་བསྲེགས་ནས་རོ་སྨད་དུ་འབྱུང་བར་འགྱུར་ལ། ཞེས་སོགས་དང་། དེའི་ཤོག་གྲངས་༡༧༨ན༢ ལས། ཆང་གིས་འདོད་ཆགས་སྐྱེད་བྱེད་ཅིང་། །དེ་བཞིན་ཁྲོ་དང་སྡུག་བསྔལ་དག །ཡང་དང་ཡང་དུ་སྐྱེད་བྱེད་པས། །དེ་ལྟ་བས་ན་ཆང་སྤོངས་ཤིག །ཅེས་སོགས་གསུངས་སོ། །མདོ་རྩ་རང་འགྲེལ་ལས། ནད་པས་ཆང་ནི་རྩྭ་མཆོག་གིས་ཀྱང་མི་བཏུང་ངོ་ཞེས་བྱ་བ་འདི་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཐམས་ཅད་གནང་བའི་ཡུལ་ལ་རྗེས་སུ་གནང་བ་དེ་ནི་དམིགས་ཀྱིས་བསལ་བ་ཡིན་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཤཱཀྱ་ན་བར་གྱུར་པ་དག་ལ་དེ་ཉིད་མ་གནང་བར་གསུངས་པ་ཡིན་ནོ། །དེ་ལྟར་དགེ་སློང་དག་ང་ལ་སྟོན་བ་ཞེས་ཟེར་བ་ཁྱེད་ཅག་གི་ཚང་རྩྭ་མཆོག་གིས་ཀྱང་མི་བླུད་མི་བཏུང་ངོ་ཞེས་གསུངས་པ་དེ་བས་མདོ་འདི་བྱས་སོ། །ཞེས་གསུངས་སོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བ། སྡེ་དགེ་བསྟན་འགྱུར་༼ གེ་པ ༽༡༡༢ན༧ལས། ཆང་གིས་འཇིག་རྟེན་བརྙས་འགྱུར་ཞིང་། །དོན་ཡལ་ནོར་ཡང་ཟད་པར་འགྱུར། །རྨོངས་པས་བྱ་བ་མ་ཡིན་བྱེད། །དེ་བས་ཆང་ནི་རྟག་ཏུ་སྤོངས། །ཞེས་གསུངས། གཞན་ཡང་དེའི་གོང་དུ་ལེའུ་དང་པོའི་སྐབས་སུ། ཆང་མི་འཐུང་དང་འཚོ་བ་བཟང་། །ཞེས་དང་། ཆང་འཐུངས་པས་ནི་བློ་འཁྲུལ་ཏེ། །ཞེས་གསུངས་སོ། །གཞན་ཡང་ཀླུ་སྒྲུབ་ཀྱི་བཤེས་སྤྲིངས་ལས། ཆང་རྣམས་ལས་བཟློག་དེ་བཞིན་དགེ་བ་ཡི། ཞེས་དང་། ཆང་དང་དུས་མིན་ཟས་ལ་ཆགས་པ་དང་། །ཞེས་དང་། ཡང་དེ་ཉིད་ལས། རྒྱན་པོ་འགྱེད་དང་འདུས་ལ་ལྟ་བ་དང་། །ལེ་ལོ་སྡིག་པའི་གྲོགས་ལ་བརྟེན་པ་དང་། །ཆང་དང་མཚན་མོ་རྒྱུ་བ་ངན་སོང་བ། །གྲགས་པ་ཉམས་པར་འགྱུར་བ་དེ་དྲུག་སྤོངས། །ཞེས་གསུངས་སོ། །འགའ་ཞིག་གིས་ཆང་ནི་མདོ་ཕྱོགས་ལ་བཀག་གི་སྔགས་ཀྱི་སྐབས་སུ་བསྟེན་རུང་བ་ཙམ་མ་ཟད་ངེས་པར་བསྟེན་དགོས་སྙམ་པ་ནི་ལོག་རྟོག་ཤིན་ཏུ་ཆེ་བ་ཡིན་ཏེ། རྗེའི་གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་སྙེ་མ་ལས། གཉིས་པ་ཡན་ལག་གི་དམ་ཚིག་ལ་གསུམ། སྤོང་བའི་དམ་ཚིག །བསྟེན་པའི་དམ་ཚིག །སྤོང་བའི་དམ་ཚིག་གཞན་བསྟན་པའོ། །དང་པོ་ནི། ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ་། །འདོད་པ་ལོག་པར་མི་སྤྱད་ཅིང༌། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཀྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་འདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང༌། །ཞེས་གསུངས་ཏེ། སྲོག་གཅོད་པ་ནས་རྫུན་གྱི་བར་སྤོང་བ་བཞིའི་སྟེང་དུ་ཆང་འཐུང་བ་སྤོང་བའི་བསླབ་པའི་གཞི་ལྔ་ནི་དངོས་གྲུབ་འགྲུབ་པའི་གཞིར་བསྲུང་དགོས་ཏེ། རྡོ་རྗེ་རྩེ་མོ་ལས། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དཀོན་མཆོག་གསུམ་ལ་སྐྱབས་སོང་སྟེ། །བསླབ་པ་ལྔ་ལ་རྣམ་པར་གནས། །བྱང་ཆུབ་སེམས་ལ་མཆོག་བརྩོན་བྱ། །ཞེས་གསུངས་པ་ལྟར་རོ། །ཆང་འཐུང་བ་ཕུང་ཀྲོལ་ཏེ་ཉེས་དམིགས་ཀུན་གྱི་རྩ་བར་གསུངས་པ་ནི་རྣལ་འབྱོར་རྒྱུད་ཁོ་ནའི་མ་ཡིན་གྱི་བླ་མེད་དང་ཐུན་མོང་བ་ཡིན་ཏེ། བླ་མེད་ཀྱི་དཀྱིལ་ཆོག་ཚད་ལྡན་དུ་མར་ཡང་རྩེ་མོ་ནས་འབྱུང་བ་ལྟར་གསུངས་པའི་ཕྱིར་རོ། །ཞེས་ཤིན་ཏུ་གསལ་བར་བཀག་པའི་ཕྱིར་རོ། །འོ་ན། ཚོགས་ཆང་ལ་འགྲེལ་བཤད་ཇི་ལྟར་བྱ་དགོས་སམ་སྙམ་མོ། །ཆང་གི་ཉེས་དམིགས་ཀྱི་སྐོར། ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་སོགས་ཀྱི་གསུང་འབུམ་དུའང་བཞུགས་སོ། །ཀུན་མཁྱེན་འཇམ་དབྱངས་བཞད་པའི་ལམ་རིམ་རྣམ་བཤད་ལུང་རིགས་གཏེར་མཛོད་༡༥བ༣ལས། ཡང་ཁ་ཅིག སྔགས་པར་ཁས་ལེན་པ་ཅིག་ཡིན་ན། མྱོས་འགྱུར་དང་ཕྱི་དྲོའི་ཁ་ཟས་དང་ཕྱག་རྒྱ་སོགས་མ་སྤྱད་ན་དམ་ཚིག་ཉམས་ཟེར་ཚུལ་ཁྲིམས་འདོར་བ་མ་ཟད། གདུལ་བྱ་དུ་མའི་འདྲེན་པར་རློམ་པ། དུ་མས་བཀུར་བ་ཡིན་ཀྱང་ངུར་སྨྲིག་དང་བཅས་བཞིན་དུ་བུད་མེད་ཀྱི་ཚོགས་ཆེན་པོར་བབས་པ་ལ་རང་ཉིད་ཀྱང་ཡ་མི་ང་ཞིང་། སུ་ལ་ཡང་སྨོད་པར་མི་བྱེད་ལ། ད་དུང་རབ་བྱུང་དང་བསྙེན་རྫོགས་སྒྲུབ་པར་བྱེད་དོ། །ཞེས་སོགས་གསུངས་སོ། །
|