2137

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆུ་ཁོལ
Tibetan Definition ཆུ་ཁོལ་ནི་བོད་པའི་སྤྱི་ཚོགས་ཁྲོད་སྨན་དུ་བརྩི་ཞིང་ཕོ་བའི་ནད་དང་བད་ཀན་ལ་ཕན་ཞེས་བོད་པའི་ཁ་རྒྱུན་ལ་ཡོད། སྔ་དྲོ་ཆུ་ཁོལ་བཏུང་ཐུབ་ན་ནད་མང་པོ་ཞིག་སྔོག་འགོག་བྱེད་ཐུབ། ངེད་རང་གསར་བུའི་སྐབས་གྲྭ་སའི་བགྲེས་པ་ཚོས་སྔ་དྲོ་ཆུ་ཁོལ་བཞེས་པའི་ཕྱག་སྲོལ་ཞིག་ཡོད། ཕྱིས་སུ་རིམ་པས་ཡལ་ནས་སོང་། ང་ཚོ་གསར་བུའི་སྐབས་ཞོག་པ་མཁར་བརྡ་མ་བྱུང་གོང་མགྱོགས་པོར་སོང་སྟེ་རུང་ཁང་ནས་རང་གི་དགེ་རྒན་སོགས་ལ་ཆུ་ཁོལ་བླངས་ཏེ་འབུལ་གྱི་ཡོད། ངེད་ཀྱི་མ་རྒན་དམ་པ་དེས་ཀྱང་ཉིན་ལྟར་སྔ་དྲོ་ཆུ་ཁོལ་མཆོད་ཀྱི་ཡོད། འདི་དངོས་ཡོད་ཀྱི་གཟུགས་པོའི་འཕྲོད་བསྟེན་ལ་ཕན་ཐོགས་དང་རྒྱུ་མཚན་དང་ལོ་རྒྱུས་ལྡན་པ་ཞིག་ཀྱང་ཡིན་ཏེ། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་༡༥༡༥ལས། (གསོ་བ་རིག་པ) མི་ཡུལ་དུ་དར་ཚུལ་ལ། སྔོན་བཅུད་ཆགས་ནས་རིང་པོར་མ་ལོན་པ་ན་ཤེད་བུ་ཞིག་ས་ཞག་མ་ཞུ་བར་ན་སྟེ་སྨྲེ་སྔགས་འདོན་པ་ན་ཚངས་པས་འོངས་ཏེ་ཆུ་སྐོལ་བཏང་བས་ཞི་སྟེ་ནད་པ་ལ་སྔ་བ་ཤེད་བུ། སྨན་པ་ལ་སྔ་བ་ཚངས་པ། སྨན་ལ་སྔ་བ་ཆུ་སྐོལ་ཞེས་གྲགས་སོ། །ཞེས་གསུངས་པ་ལྟར་རོ། །ཆོས་འབྱུང་མཁས་པའི་དགའ་སྟོན་དུ་ཆུ་སྐོལ་ཞེས་གསལ་ཡང་། ཆུ་ཁོལ་ཞེས་བརྗོད་ན་ལེགས་པར་སེམས་སོ། །