2235

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆེ་བ་བཞི་དང་ཁྱད་ཆོས་ཆེན་པོ་གསུམ
Tibetan Definition རྗེའི་ལམ་རིམ་ཆེན་མོར་ཇོ་བོའི་ལམ་སྒྲོན་ལ་ཆེ་བ་བཞི་དང་ཁྱད་ཆོས་ཆེན་པོ་གསུམ་གསུངས་པས། དང་པོ་ (ཆེ་བ་བཞི་ནི) བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། གསུང་རབ་མ་ལུས་གདམས་ངག་ཏུ་འཆར་བའི་ཆེ་བ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བ་དང་བཞིའོ། །དང་པོ་ (བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ་ནི) ཇོ་བོའི་ལམ་སྒྲོན་ལ་བརྟེན་ནས། རྒྱལ་བས་གསུངས་པའི་ཐེག་པ་ཆེ་ཆུང་གི་ལུང་གི་བསྟན་པ་ཐམས་ཅད་རེ་ཞིག་འགལ་བ་ལྟར་སྣང་ཡང་མཐར་སངས་རྒྱས་ཀྱི་སར་བཀྲི་བའི་ཐབས་མཁས་སུ་འདུག་སྙམ་དུ་གོ་ནུས་པས་ན། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ་ཟེར། དེ་ལྟར་གོ་ནུས་པའི་རྒྱུ་མཚན་ཡང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་མི་འདྲ་བ་གསུམ་གསུངས་ཏེ། མཐར་སངས་རྒྱས་ཀྱི་སར་བཀྲི་བའི་ཚུལ་གསུངས་པ་ལ་བརྟེན་ནས་ཡིན་ནོ། །གཉིས་པ་ (གསུང་རབ་ཐམས་ཅད་གདམ་ངག་ཏུ་འཆར་བའི་ཆེ་བ་ནི) དཔེར་ན་ལམ་རིམ་ཉམས་ལེན་བྱེད་མཁན་ཞིག་གིས། རྟེན་འབྲེལ་ཡན་ལག་བཅུ་དང་རྒྱུ་འབྲས་མན་ངག་བདུན་མ་སོགས་ཉམས་སུ་ལེན་པ་ན། ཨ་ལས། སྔོན་མ་ངོས་ཀྱིས་ཕར་ཕྱིན་སྐབས་དང་པོ་བལྟ་དུས་རྟེན་འབྲེལ་དང་སེམས་བསྐྱེད་རྩོད་ཡ་དེ། ད་ལྟ་སྐྱེས་བུ་འབྲིང་དང་ཆེན་པོའི་ཉམས་ལེན་གྱི་གནད་ཤོད་ཀྱི་ཡོད་པ་འདྲ་འདུག་ཨང་སྙམ་དུ་ངེས་པ་རྙེད་དེ། གྲྭ་ཚང་སོ་སོའི་ཡིག་ཆ་རྣམས་ལ་གཏིང་ནས་དད་པ་སྐྱེ་བ་ལྟ་བུ་ལ་ཟེར། དེ་ལྟར་གོ་ཐུབ་ན་གསུང་རབ་ཐམས་ཅད་སྐྱེས་བུ་ཞིག་འཚང་རྒྱ་བའི་གདམས་ངག་ཏུ་འཆར་བ་ཟེར་རོ། །གསུམ་པ་ (རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ་ནི) ཇོ་བོ་ལམ་སྒྲོན་གྱིས་བཀའ་དང་བསྟན་བཅོས་ཀྱི་ཆེས་ཟབ་ལ་བརླིང་བའི་དགོངས་དོན་རྣམས་ཚིག་ཉུང་གོ་བདེའི་ལམ་ནས་ཉམས་ལེན་གྱི་སྙིང་པོར་དྲིལ་ཏེ་བཟའ་ཆོག་འཐུང་ཆོག་ལྟ་བུ་བཟོས་པས། གཞུང་ཆེན་དེ་དག་གི་དགོངས་པའམ་བརྗོད་བྱའི་དོན་རྣམས་ཚེགས་མེད་དུ་རྟོགས་ནུས་པས་ན། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ་ཟེར། བཞི་པ་ (ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བ་ནི) སངས་རྒྱས་ཀྱི་བཀའ་དང་དེའི་དགོངས་འགྲེལ་རྣམས་དངོས་སམ་བརྒྱུད་པའི་སྒོ་ནས་འཚང་རྒྱ་བའི་ཐབས་སྟོན་པ་ཤ་སྟག་ཏུ་གོ་བ་ན། དེ་དག་ལ་སྡེ་རིས་སུ་བཅད་ནས་བཟང་ངན་དང་རིགས་མི་རིགས་སོགས་ཀྱིས་སྐུར་བ་འདེབས་པར་མི་འགྱུར་བས། ཆོས་སྤོང་གི་ལས་སོགས་ཀྱི་ཉེས་སྤྱོད་ཐམས་ཅད་རང་བཞིན་གྱིས་ཁེག་འགྲོ་བས་ན། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བ་ཟེར་རོ། ། (ཁྱད་ཆོས་གསུམ་ནི) རྗེའི་ལམ་རིམ་ལས། མདོ་སྔགས་ཀྱི་གསུང་རབ་ཐམས་ཅད་ཀྱི་བརྗོད་བྱ་བསྡུས་ནས་བསྟན་པས་བརྗོད་བྱ་མ་ཚང་བ་མེད་པ། སེམས་འདུལ་བའི་རིམ་པ་གཙོ་བོར་བྱས་ནས་བསྟན་པས་ལག་ཏུ་བླང་བདེ་བ། ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་ལ་མཁས་པའི་བླ་མ་གཉིས་ཀྱི་གདམས་པས་བརྒྱན་པས་ལུགས་གཞན་ལས་ཁྱད་པར་འཕགས་པ་དང་གསུམ་མོ། །ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་ལ་མཁས་པའི་བླ་མ་གཉིས་ནི། ཀླུ་སྒྲུབ་ཀྱི་ལུགས་ལ་མཁས་པའི་བླ་མ་རིག་པའི་ཁུ་བྱུག་དང་། ཐོགས་མེད་ཀྱི་ལུགས་ལ་མཁས་པའི་བླ་མ་གསེར་གླིང་པ་གཉིས་སོ། །ཁྱད་ཆོས་གསུམ་གྱི་ཐ་སྙད་འདི་རྗེའི་ལམ་རིམ་དུ་དངོས་སུ་མ་གསུངས་ཀྱང་། ཕྱིས་ཀྱི་དགེ་ལྡན་པའི་མཁས་པ་རྣམས་ཀྱིས་གསར་དུ་སྦྱར་བའོ། །