From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆོ་ག་གསུམ་བསྐྱེད
|
Tibetan Definition
|
ལྷ་བསྐྱེད་ཚུལ་ཞིག་སྟེ། ས་བོན་ལས་བྱང་ཆུབ་པ། ཕྱག་མཚན་ལས་བྱང་ཆུབ་པ། སྐུ་རྫོགས་པ་ལས་བྱང་ཆུབ་པ་དང་གསུམ་མོ། །ཆོ་ག་ནི་ཐབས་ཀྱི་དོན་ཡིན་པས་ཐབས་མི་འདྲ་བ་གསུམ་གྱི་སྒོ་ནས་ལྷ་བསྐྱེད་པའི་དོན་ཡིན། རྗེའི་གསང་འདུས་བསྐྱེད་རིམ་བློ་གསལ་བུང་བའི་རེ་སྐོང་ལས། ས་བོན་སོ་གཉིས་ཡི་གེ་གསུམ་དང་སྤེལ་བ་ལས་བསྐྱེད་པ་ནི་གསུང་ཡིག་འབྲུ་ལས་བྱང་ཆུབ་པ་དང་། རྡོ་རྗེ་ལ་སོགས་པའི་ཕྱག་མཚན་སོ་གཉིས་བསྐྱེད་པ་ནི་ཐུགས་ཕྱག་མཚན་ལས་བྱང་ཆུབ་པ་དང་། མི་བསྐྱོད་པ་ལ་སོགས་པའི་ལྷ་སོ་གཉིས་བསྐྱེད་པ་ནི། སྐུ་རྫོགས་པ་ལས་བྱང་ཆུབ་པ་དང་གསུམ་མོ། །ཞེས་གསུངས། ཀློང་རྡོལ་བླ་མས་ཀྱང་། ས་བོན་ཕྱག་མཚན་སྐུ་རྫོགས་པ། །ཆོ་ག་གསུམ་བསྐྱེད་བྱ་ཚུན་ཡིན། །ཞེས་དང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྡོ་རྗེ་འཇིགས་བྱེད་བསྐྱེད་རིམ་དངོས་གྲུབ་སྙེ་མ་ལས། དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་ཆོ་ག་གསུམ་བསྐྱེད་ཀྱི་སྒོ་ནས་བསྐྱེད་པ་ཡིན་ཏེ། ཡབ་ཡུམ་སྙོམས་པར་ཞུགས་པའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་མཁའ་ཁྱབ་ཀྱི་སངས་རྒྱས་ཐམས་ཅད་བཀུག་ནས་རང་གི་ཞལ་དུ་བཅུག་ཐུགས་ཀར་རྗེས་ཆགས་ཀྱི་མེས་ཞུ་བའི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཕབ་པའི་ཐིག་ལེ་གཉིས་ལས། ཆ་གཅིག་གཞལ་ཡས་ཁང་གདན་དང་། ཆ་གཅིག་གདན་རྣམས་ཀྱི་སྟེང་དུ་ཆ་བཅུ་བདུན་དུ་གྱུར་པའི་ཆ་གསུམ་ལས་ས་བོན་བཅུ་གསུམ་དང་། དེ་ལས་ཕྱག་མཚན་བཅུ་གསུམ་དང་། དེ་རྣམས་ཡོངས་སུ་གྱུར་པ་ལས་ལྷ་གསུམ་དུ་བསྐྱེད་པ་ཡིན་ལ། ཐིག་ལེ་ཆ་བཞི་ལས་ཎ་ཡོ་ནི་རའི་ཡི་གེ་བཞི་དང་། དེ་བཞི་ལས་ཐོད་པ་བཞིར་བསྐྱེད་པ་ཡིན་པའི་ཕྱིར། ཞེས་གསུངས།
|