2278

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོ་འཕྲུལ་སྨོན་ལམ་ཆེན་མོ
Tibetan Definition ཆོ་འཕྲུལ་དུས་ཆེན་ནི་སྟོན་པ་ཤཱཀྱ་ཐུབ་པས་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་མཉན་ཡོད་དུ་མུ་སྟེགས་ཀྱི་སྟོན་པ་དྲུག་དང་ཆོ་འཕྲུལ་འགྲན་ནས་ཕམ་པར་མཛད་པའི་དུས་ཆེན་ཡིན་པས་དེ་ལྟར་བརྗོད་ལ། སྤྱིར་བཏང་བྱས་ན་ཟླ་བ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ཆོ་འཕྲུལ་ཆེན་པོའི་དུས་ཆེན་ཡིན་ཞིང་། རྗེ་བཙུན་ཙོང་ཁ་པ་ཆེན་པོས་ཐོག་མར་ཆོ་འཕྲུལ་སྨོན་ལམ་ཟླ་བ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་མཛད་ཀྱང་ལོ་གསར་གྱི་བྲེལ་ཟིང་སོགས་རྐྱེན་དབང་གིས་ཕྱིས་སུ་ལྷ་ས་སྨོན་ལམ་ཡང་ཟླ་བ་དང་པོའི་ཚེས་གསུམ་ནས་གྲལ་འཛིན་བྱས་ཏེ། དངོས་གཞི་ཚེས་བཞི་ནས་འགོ་ཚུགས་ནས་ཚེས་༢༤ལ་གཏོར་རྒྱག་དང་། ཚེས་༢༥ལ་བྱམས་པ་འདྲེན་གྲུབ་རྗེས་སྨོན་ལམ་གྲོལ་བ་ལགས་ཤིང་། འདིའི་སྲོལ་ནི་རྗེ་ཙོང་ཁ་པ་ཆེན་པོས་༡༤༠༩ལོར་ལྷ་སར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས་པ་ལས་དར་ཞིང་། དེ་ནི་བོད་ཀྱི་ཆོས་ལུགས་དུས་ཆེན་ཆེ་ཤོས་ཡིན། སེ་འབྲས་དགེ་གསུམ་གྱི་དགེ་འདུན་ཡོངས་རྫོགས་ལྷ་སར་གདན་འཛོམས་ནས་ལྷ་ལྡན་གཙུག་ལག་ཁང་དུ་ཚེས་གསུམ་ནས་དབུ་ཚུགས་ཏེ་ཚེས་ཉེར་ལྔའི་བར་མཆོད་སྤྲིན་གཟབ་རྒྱས་གནང་བ་དང་འབྲེལ་རྒྱལ་བའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་ཡུན་རིང་དུ་འཚོ་ཞིང་གཞེས་པ། འགྲོ་ཀུན་ཕན་བདེའི་དཔལ་ལ་ལོངས་སུ་སྤྱོད་པ་སོགས་ཀྱི་སྨོན་ལམ་རྒྱ་ཆེར་མཛད་ཀྱིན་ཡོད། དེའི་མགྲོ་གྲོན་ནི་སྲིད་གཞུང་ནས་གཏོང་བ་དང་འབྱོར་ལྡན་སྦྱིན་བདག་ཁག་ནས་ཀྱང་རང་འདོད་ལྟར་འགྱེད་གཏོང་བསྙེན་བཀུར་གཟབ་རྒྱས་ཞུ་བཞིན་ཡོད། དེ་སྐབས་གདན་ས་ཆེན་པོ་གསུམ་གྱི་ལྷ་རམས་དགེ་བཤེས་རྣམས་ནས་སྨོན་ལམ་ཚོགས་དབུས་སུ་མཚན་ཉིད་དམ་བཅའ་བཞག་སྟེ་སྔ་དྲོ་རྣམ་འགྲེལ། ཉིན་དགུང་དབུ་ཕར། དགོང་དྲོ་འདུལ་བ་དང་མཛོད་བཅས་ཀྱི་མཚན་ཉིད་ཀྱི་གཞུང་ཆེན་མོ་ལྔ་ལ་བགྲོ་གླེང་གནང་བ་བཅས་སོ། །ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཐོག་མའི་འབྱུང་ཁུངས་སོགས་ཞིབ་པ་འོག་ཏུ་གཟིགས། ཆོ་འཕྲུལ་དུས་ཆེན་དུས་ནམ་གྱི་ཚེ་བྱུང་བ་ནི། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་དགུང་ལོ་ང་བདུན་པ་མེ་ཕོ་འབྲུག་གི་ལོར་བྱུང་། རྐྱེན་ཇི་ལྟ་བུས་བྱུང་བ་ནི། དེའི་སྔར་ལོ་ཤིང་ཡོས་ལ་བཅོམ་ལྡན་འདས་འཁོར་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་འདུན་དང་བཅས་པ་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་ན་བཞུགས་པའི་ཚེ། མུ་སྟེགས་ཀྱི་སྟོན་པ་རྫོགས་བྱེད། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ། སྨྲ་འདོད་ཀྱི་བུ་ཡང་དག་རྒྱལ་བ་ཅན། མི་ཕམ་སྐྲའི་བུ་ལ་བ་ཅན། ཀ་ཏའི་བུ་ནོག་པོ་ཅན། གཅེར་བུ་པ་གཉེན་གྱི་བུ་དང་དྲུག་ཀྱང་དེར་གནས་པ་ལས་རྒྱལ་པོ་དང་བློན་པོ་དང་། ཁྱིམ་བདག་དང་ཡུལ་མི་རྣམས་རིམ་གྱིས་སངས་རྒྱས་ལ་དད་དེ་ཞབས་ཏོག་བསྙེན་བཀུར་ཞུ་བ་ཇེ་མང་དང་། མུ་སྟེགས་ཀྱི་སྟོན་པ་དྲུག་ལ་ཞབས་ཏོག་བསྙེན་བཀུར་བྱེད་པ་ཇེ་ཉུང་དུ་སོང་བས་བཅོམ་ལྡན་འདས་ལ་ཕྲག་དོག་གིས་ཡིད་བསྐྱོད་དེ་ཡུལ་དེའི་རྒྱལ་པོ་གཟུགས་ཅན་སྙིང་པོའི་དྲུང་དུ་སོང་སྟེ། བདག་ཅག་སངས་རྒྱས་དང་ཆོ་འཕྲུལ་འགྲན་དུ་ཆུག་ཅིག་ཅེས་ཞུས་པར་རྒྱལ་པོས་བཟློག་ཀྱང་མ་ཉན་པས་སངས་རྒྱས་ལ་ཞུས་པར། སངས་རྒྱས་ཀྱིས་ང་ཉིད་དུས་མཁྱེན་ནོ་ཞེས་ཞལ་གྱིས་བཞེས་ཏེ། སངས་རྒྱས་འཁོར་བཅས་ཡུལ་ཡངས་པ་ཅན། ཀཽ་ཤཱམྦྷི། ཝཱ་རཱ་ཎ་སཱི། སེར་སྐྱ་སོགས་སུ་རིམ་པ་བཞིན་བྱོན་པའི་མཐར་མཉན་ཡོད་དུ་ཕེབས། མུ་སྟེགས་ཀྱི་སྟོན་པ་དྲུག་འཁོར་བཅས་དང་། རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་ཁྲི་ཕྲག་དྲུག་ཅུ། ལི་ཙ་བྱི་འཁོར་ཁྲི་ཕྲག་བདུན། རྒྱལ་པོ་ཨུ་ཏྲ་ཡ་ན་འཁོར་སྟོང་ཕྲག་བརྒྱད་ཁྲི། རྒྱལ་པོ་ཤུན་ཙི་ལ་འཁོར་ཁྲི་ཕྲག་ལྔ། རྒྱལ་པོ་ཨིནྡྲ་ཝརྨ་འཁོར་ཁྲི་ཕྲག་དྲུག རྒྱལ་པོ་ཚངས་སྦྱིན་འཁོར་ཁྲི་ཕྲག་བརྒྱད་ཅུ་སོགས་དང་། གཞན་ཡང་ཤཱཀྱའི་འཁོར་ཁྲི་ཕྲག་དགུ་དང་བཅས་པ་རྣམས་ཀྱང་སངས་རྒྱས་ཀྱི་རྗེས་སུ་འབྲངས་ཏེ་ཤིང་ཡོས་དགུན་ཟླ་ཐ་ཆུང་ལ་མཉན་ཡོད་དུ་འཚོགས། མུ་སྟེགས་ཀྱི་སྟོན་པ་དྲུག་མཉན་ཡོད་ཀྱི་རྒྱལ་པོ་གསལ་རྒྱལ་གྱི་དྲུང་དུ་སོང་སྟེ། དགེ་སྦྱོང་གཽ་ཏ་མ་དང་བདག་ཅག་ཆོ་འཕྲུལ་འགྲན་པར་དུས་བྱས་པ་ལ་དུས་ལ་བབས་པ་དང་བྱོལ་ཞིང་བྲོས་ཏེ། ད་ནི་འཁོར་མང་པོ་ཡང་རྒྱལ་པོའི་ཡུལ་དུ་འཚོགས་ཀྱི་རྒྱལ་པོ་ཆེན་པོས་བདག་ཅག་འགྲན་དུ་ཆུག་ཅིག ཅེས་ཞུས་པ་ན་རྒྱལ་པོས་བཟློག་ཀྱང་མ་ཉན་པས་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ། མུ་སྟེགས་སྟོན་པ་དྲུག་གིས་ཆོ་འཕྲུལ་འགྲན་པར་ཡང་ནས་ཡང་དུ་བསྐུལ་བར་འདུག་པས། བཅོམ་ལྡན་འདས་ཀྱིས་འདི་དག་ཆོ་འཕྲུལ་གྱིས་ཚར་གཅད་དུ་གསོལ་ཞེས་གསོལ་བས་ང་ཉིད་དུས་མཁྱེན་ནོ། །ཞེས་བཀའ་བསྩལ་པ་དང་། གསལ་རྒྱལ་གྱིས་ས་ཕྱོགས་བྱི་བདར་བྱས་ཤིང་བརྒྱན་ཏེ་འཁོར་མང་པོ་བསྡུས་པ་ལ་བརྟེན་ནས་བྱུང་། ཚུལ་ཇི་ལྟར་བྱུང་བ་ནི། མེ་འབྲུག་གི་ཧོར་ཟླ་དང་པོའི་ཚེས་གཅིག་ལ་ཐམས་ཅད་འཚོགས་པའི་སར་རྒྱལ་པོ་གསལ་རྒྱལ་གྱིས་སངས་རྒྱས་ལ་ཆོས་སྟོན་དྲང་བའི་ཚེ་ཚེམས་ཤིང་ (སོ་ཤིང་སྟེ་སོ་འཁྲུད་ཀྱི་ཤིང་བུའི་མིང)ས་ལ་བཙུག་མ་ཐག་ཏུ། རྩ་བ་དང་སྡོང་པོ་དང་ཡལ་ག་རྣམས་རིན་པོ་ཆེ་སྣ་བདུན་གྱིས་རང་བཞིན་ཅན། དཔག་ཚད་ལྔ་བརྒྱའི་རྒྱ་ཁྱོན་དང་ལྡན་པ་ལོ་འདབ་དང་མེ་ཏོག་ཤིན་ཏུ་ཡིད་དུ་འོང་ཞིང་། འབྲས་བུ་བྲེ་ལྔ་ཤོང་བའི་བུམ་པའི་ཚད་དང་ལྡན་པ། ཁ་དོག་དང་འོད་ཟེར་གྱིས་ཉི་ཟླ་ཟིལ་གྱིས་གནོན་ཅིང་། རླུང་གིས་བསྐྱོད་པའི་དྲི་བསུང་དང་སྒྲ་ལས་ཆོས་ཀྱི་སྒྲ་འབྱུང་བ་སྤྲུལ། ཚེ་གཉིས་ལ་རྒྱལ་པོ་ཨུ་ཏྲ་ཡ་ནས་མཆོད་པའི་ཚེ་སྐུའི་གཡས་གཡོན་དུ་རིན་པོ་ཆེའི་རི་མཐོ་ཞིང་བརྗིད་ཆགས་པ། ལྗོན་ཤིང་ཡལ་ག་ལོ་འདབ་དང་མེ་ཏོག་དང་འབྲས་བུ་མཛེས་ཤིང་ཡིད་དུ་འོང་བ་ཅན་གཉིས་ལས། གཡས་ཀྱི་རི་ལ་མི་རྣམས་འབྲས་བུ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པ་དང་། གཡོན་གྱི་རི་ལ་མི་རྣམས་འབྲས་བུ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པ་དང་། གཡོན་གྱི་རི་ལ་དུད་འགྲོ་རྣམས་རྩྭ་སྔོ་ལྗང་བཅུད་དང་ལྡན་པ་ལ་བདེ་བར་ལོངས་སྤྱོད་པ་སྤྲུལ། ཚེས་གསུམ་ལ་ཤུན་ཙི་རྒྱལ་པོས་མཆོད་པའི་ཚེ་ཞལ་བཤལ་བའི་ཆུ་ལ་དོར་བ་ལས། ཆུ་ཡན་ལག་བརྒྱད་ལྡན་གྱིས་གང་བའི་རྫིང་བུ་དཔག་ཚད་ཉིས་བརྒྱའི་རྒྱ་ཁྱོན་ཅན། རིན་ཆེན་སྣ་བདུན་གྱིས་བརྒྱན་ཅིང་། ཤིང་རྟའི་འཕང་ལོ་ཙམ་གྱི་པདྨ་ཁ་དོག་སྣ་ཚོགས་པ་འོད་ཟེར་གྱིས་ཕྱོགས་ཐམས་ཅད་སྣང་བར་བྱེད་པ་མང་པོས་མཛེས་པར་བྱས་པ་སྤྲུལ། ཚེས་བཞི་ལ་རྒྱལ་པོ་ཨིནྡྲ་ཝརྨས་མཆོད་པའི་ཚེ་སྔར་ཉིན་སྤྲུལ་པའི་རྫིང་བུའི་ངོས་བཞིན་ཆུ་ཀླུང་ཡུར་བ་བརྒྱད་ཡོད་པ་ལ་འབབ་པ་འཁོར་ཞིང་རྫིང་བུའི་ནང་དུ་འབབ་པའི་སྒྲ་ལས་བྱང་ཆུབ་ཡན་ལག་བདུན། འཕགས་ལམ་ཡན་ལག་བརྒྱད། རྣམ་ཐར་གསུམ། ཕར་ཕྱིན་དྲུག ཚད་མེད་བཞི་སོགས་ཆོས་ཀྱི་སྒྲ་སྒྲོག་པ་སྤྲུལ། ཚེས་ལྔ་རྒྱལ་པོ་ཚངས་སྦྱིན་གྱིས་མཆོད་པའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་འཛུམ་ལས་འོད་ཟེར་སྟོང་སུམ་ཁྱབ་པ་འཕྲོས་པའི་འོད་ཟེར་དེས་ལུས་ལ་རེག་པའི་སྐྱེ་དགུ་རྣམས་དུག་གསུམ་དང་སྒྲིབ་པ་ལྔ་དང་བྲལ་ཏེ། ལུས་སེམས་རབ་ཏུ་བདེ་བ་ལ་བཀོད་པ་སྤྲུལ། ཚེས་དྲུག་ལ་ལི་ཙ་བྱི་རྣམས་ཀྱིས་མཆོད་པའི་ཚེ་འཁོར་དུ་འདུས་པ་ཐམས་ཅད་ཀྱིས་གཅིག་གཅིག་གིས་བསམ་པ་ཤེས་ཤིང་སོ་སོའི་དགེ་བ་དང་མི་དགེ་བའི་ལས་འབྲས་མངོན་དུ་གྱུར་ནས་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པས་སྟོན་པའི་ཡོན་ཏན་བརྗོད་ཅིང་དགེ་ཚོགས་རྒྱ་ཆེན་པོ་བསྐྲུན་པ་སྤྲུལ། ཚེས་བདུན་ལ་ཤཱཀྱའི་རིགས་རྣམས་ཀྱིས་མཆོད་པའི་ཚེ། སྟོན་པའི་འཁོར་རྣམས་སོ་སོ་ནས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྒྱལ་སྲིད་སྣ་བདུན་བུ་སྟོང་། རྒྱལ་ཕྲན་དང་བློན་པོའི་ཚོགས་མང་པོས་བསྐོར་བ་ཀུན་ལ་མངོན་དུ་གྱུར་ནས་ངོ་མཚར་དང་དད་པ་རྨད་དུ་བྱུང་བ་སྐྱེས་ཏེ་ཆོས་ལ་སྦྱར་བ་སྤྲུལ། འདི་དག་གི་ཚེ་མུ་སྟེགས་ཀྱི་སྟོན་པ་དྲུག་ཆོ་འཕྲུལ་སྟོན་པར་འདོད་ཀྱང་ཡན་ལག་རེངས་ཁ་འཐམས། སེམས་ཁོང་དུ་ཆུད་ཅིང་ཅུང་ཟད་ཀྱང་སྟོན་པའི་མཐུ་མེད་པར་གྱུར། ཚེས་བརྒྱད་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་སེངྒེའི་ཁྲི་བཤམས་པ་ལ་སྤྱན་དྲངས་ནས་བཞུགས་སུ་གསོལ་ཏེ། ལྷ་ཚངས་པས་གཡས་ནས་མཆོད། བརྒྱ་བྱིན་གྱིས་གཡོན་ནས་མཆོད་པའི་ཚེ་བཅོམ་ལྡན་འདས་ཀྱི་ཕྱག་གཡས་པའི་སོར་རྩེས་ཁྲི་ལ་རེག་པས་སྒྲ་སྐད་ཤིན་ཏུ་ཆེ་བ་ཞིག་བྱུང་བ་དང་མཉམ་དུ་སྲིན་པོ་ལྔ་བྱུང་སྟོན་པ་དྲུག་གི་ཁྲི་བཤིག ཕྱག་ན་རྡོ་རྗེས་མེ་རབ་ཏུ་འབར་བའི་རྡོ་རྗེས་བསྐྲད། ཕྱག་ན་རྡོ་རྗེས་མེ་རབ་ཏུ་འབར་བའི་རྡོ་རྗེས་བསྐྲད། ཁ་ཅིག་སྐྱེངས་ཏེ་ཆུ་ལ་མཆོངས། མུ་སྟེགས་ཀྱི་འཁོར་དགུ་ཁྲི་ཆིག་སྟོང་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་སྟེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ཆོས་བསྟན་པས་དགྲ་བཅོམ་པར་གྱུར་པ་སྤྲུལ། ཚེས་དགུ་ལ་ལྷ་ཚངས་པས་མཆོད་པའི་ཚེ། བཅོམ་ལྡན་འདས་ཀྱི་སྐུ་མཉན་ཡོད་ཀྱི་ཁྲི་ལ་བཞུགས་བཞིན་པའི་དབུ་ཚངས་པའི་ཡུལ་སར་བསྙེགས་པ་གནམ་སའི་ཁྱོན་ཀུན་སྒྲིབ་པ་མེད་པར་ཀུན་གྱིས་མངོན་སུམ་དུ་གསལ་བར་མཐོང་བར་བཞུགས་ནས་ཆོས་སྟོན་པ་སྤྲུལ། ཚེས་བཅུ་ལ་རྒྱལ་ཆེན་བཞིས་མཆོད་པའི་ཚེ། སྐུ་ལུས་ཀྱི་སྲིད་རྩེའི་བར་ཁྱབ་པ་ཀུན་གྱིས་མཐོང་ཞིང་གསུང་གིས་ཆོས་སྟོན་པ་ཀུན་གྱིས་ཐོས་པ་སྤྲུལ། ཚེས་བཅུ་གཅིག་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་མཆོད་པའི་ཚེ་བཅོམ་ལྡན་འདས་སེངྒེའི་ཁྲི་ལ་བཞུགས་བཞིན་དུ་སྐུ་མི་སྣང་ཞིང་འོད་ཟེར་གྱིས་སྟོང་གསུམ་ཁྱབ་པ་དང་གསུང་གིས་ཆོས་སྟོན་པ་ཐོས་པ་སྤྲུལ། ཚེས་བཅུ་གཉིས་ལ་ཁྱིམ་བདག་གིས་མཆོད་པའི་ཚེ། ཏིང་ངེ་འཛིན་གྱི་མཐུས་སྐུ་ལས་གསེར་གྱི་ཁ་དོག་ལྟ་བུའི་འོད་ཟེར་བཀྱེས་པ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀུན་སྣང་བར་བྱས་ནས་འོད་གྱིས་རེག་པའི་སེམས་ཅན་ཐམས་ཅད་དུག་གསུམ་གྱི་སེམས་ཞི་ནས་སེམས་ཅན་ཐམས་ཅད་གཅིག་ལ་གཅིག་ཕ་མའམ་ཕུ་ནུ་ལྟ་བུར་མཛའ་ཞིང་སྡུག་པའི་སེམས་དང་ལྡན་པར་གྱུར་པ་ལ་ཆོས་སྟོན་པ་སྤྲུལ། ཚེས་བཅུ་གསུམ་ལ་ཤུན་ཙི་རྒྱལ་པོས་མཆོད་པའི་ཚེ། སྐུའི་ལྟེ་བའི་དཀྱིལ་འཁོར་ལས་འོད་ཟེར་གཉིས་འཕྲོས་པ་འདོམ་བདུན་འཕགས། དེའི་སྟེང་དུ་པདྨ་ལ་སྤྲུལ་སྐུ་མཚན་དཔེའི་བརྒྱན་པ་རེ་རེ། དེ་གཉིས་ཀྱི་ལྟེ་བ་ནས་འོད་ཟེར་གཉིས་གཉིས་འཕྲོས་པ་འདོམ་བདུན་དུ་འཕགས་པའི་སྟེང་དུ་པདྨ་ལ་སྤྲུལ་སྐུ་མཚན་དཔེས་བརྒྱན་པ་རེ་རེ། དེ་ལས་ཀྱང་འོད་ཟེར་དང་པདྨ་དང་སྤྲུལ་སྐུ་སྔར་ལྟར་གཅིག་ལས་གཉིས། གཉིས་ལས་བཞི། བཞི་ལས་བརྒྱད། བརྒྱད་ལས་བཅུ་དྲུག་སོག་གཉིས་གཉིས་འཕྲོས་པས་སྟོང་གསུམ་ཁྱབ་པ་ཀུན་ལ་མངོན་སུམ་དུ་གྱུར་པ་སྤྲུལ། ཚེས་བཅུ་བཞི་ལ་རྒྱལ་པོ་ཨུ་ཏྲ་ཡ་ནས་མཆོད་པའི་ཚེ། ཨུ་ཏྲ་ཡ་ནས་སངས་རྒྱས་ཀྱི་སྐུ་ལ་མེ་ཏོག་གཏོར་བ་རིན་པོ་ཆེའི་ཤིང་རྟ་ནོར་བུས་སྤྲས་པ་མཐོ་ཁྱད་ཚངས་པའི་འཇིག་རྟེན་གྱི་བར་དུ་འཕགས་པ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་གྲངས་དང་ལྡན་པར་གྱུར་པའི་ཤིང་རྟ་རེ་རེའི་སྟེང་དུ་སྤྲུལ་པའི་སངས་རྒྱས་རེ་རེ་བཞུགས་པའི་འོད་ཀྱིས་སྟོང་གསུམ་ཁྱབ་པ་སྤྲུལ། ཚེས་བཅོ་ལྔ་རྒྱལ་པོ་གཟུགས་ཅན་སྙིང་པོས་མཆོད་པའི་ཚེ། ཟོས་ནས་ལུས་སེམས་བདེ་བ་ཁྱད་པར་ཅན་སྐྱེད་པའི་རོ་བརྒྱ་པའི་ཟས་ཀྱིས་སྣོད་ཐམས་ཅད་གང་བར་མཛད་ཅིང་། ཕྱག་གཡས་ས་ལ་བསྣུན་མ་ཐག་དམྱལ་ཁམས་བཅོ་བརྒྱད་ཀྱི་སེམས་ཅན་རྣམས་སྨྲེ་ངག་སྣ་ཚོགས་འདོན་པ་ཀུན་གྱིས་མངོན་པར་གྱུར་པ་ལ་བརྟེན་ནས་དངངས་སྐྲག་དང་སྐྱོ་བ་ཚད་མེད་པ་སྐྱེས་པ་ལ་ཆོས་བསྟན་པས་ལ་ལ་ཤི་འཕོས་ཏེ་ལྷར་སྐྱེས། ལ་ལ་བྱང་ཆུབ་ཏུ་སེམས་བསྐྱེད། ལ་ལས་རྒྱུན་ཞུགས་ནས་དགྲ་བཅོམ་པའི་བར་གྱི་འབྲས་བུ་མངོན་དུ་བྱས་པའི་སྤྲུལ་པ་སྟོན་པར་མཛད། དེ་ལྟར་ཉིན་བཅོ་ལྔ་ལ་ཆོ་འཕྲུལ་རེ་རེ་བསྟན་པས་ཉིན་རེ་བཞིན་འཁོར་གྱི་སེམས་ཅན་ལྷར་སྐྱེས། སེམས་བསྐྱེད་པ། འབྲས་བུ་ཐོབ་པ་དཔག་ཏུ་མེད་པ་བྱུང་ཞིང་དེ་ཕྱིན་ཆད་དཔྱིད་ར་བའི་ཡར་ངོའི་ཚེས་བཅོ་ལྔ་པོ་དུས་ཆེན་དུ་བྱིན་གྱིས་བརླབས་པ་ཡིན། ཆོ་འཕྲུལ་མཆོད་པ་ཇི་ལྟར་བྱུང་བ་ནི། བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་ཆེན་པོ་བསྟན་ཟིན་པ་དང་མཉན་ཡོད་དུ་ཆོ་འཕྲུལ་མཆོད་རྟེན་ནམ་མུ་སྟེགས་ཕམ་བྱེད་ཀྱི་མཆོད་རྟེན་བརྩིགས་ཤིང་། དེའི་ཕྱི་ལོ་ནས་ཆོ་འཕྲུལ་མཆོད་པ་ཡང་ཚུགས་ཏེ་རྒྱ་གར་གྱི་པཎ་གྲུབ་དང་རྒྱལ་པོ་དང་བློན་པོ་དང་། ཁྱིམ་བདག་དད་པ་ཅན་ལ་སོགས་པས་ཡུལ་སོ་སོར་ཆོ་འཕྲུལ་ཆེན་པོའི་དུས་ཆེན་ལ་མཆོད་པ་དན་དུས་སྟོན་བྱེད་པ་དར་བར་གྱུར། དེའི་རྒྱུན་ཀྱིས་བོད་དུ་ཡང་ཆོས་རྒྱལ་གོང་མ་ནས་བཟུང་སྟེ་བླ་མ་དང་། སྦྱིན་བདག་སྟོབས་དང་ལྡན་པ་རྣམས་ཀྱིས་རིམ་པ་ལྟར་ཆོ་འཕྲུལ་དུས་ཆེན་ལ་མཆོད་པ་མཛད་པ་མང་དུ་བྱུང་ཞིང་། ལྷག་པར་འཇམ་དབྱངས་བླ་མ་ཙོང་ཁ་པ་ཆེན་པོས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་ཇོ་བོ་ཤཱཀྱ་མུ་ནེས་གཙོ་མཛད་པའི་རྟེན་གསུམ་ཁྱད་པར་ཅན་གྱི་དྲུང་དུ། མཆོད་པ་རྒྱ་ཆེན་པོ་བཤམས་ཏེ་དགེ་འདུན་ཁྲི་ཕྲག་ལྷག་དང་བཅས་པས་ཤིང་བྱི་ཟླ་བ་བཅུ་གཉིས་པའི་གནམ་གང་ལ་སྙན་གསན་སྟ་གོན་དང་། ཤིང་གླ་ཟླ་བ་དང་པོའི་ཚེས་གཅིག་ནས་ཉའི་བར་མཆོད་པ་དངོས་གཞི་ལྷ་ས་སྨོན་ལམ་ཆེན་མོར་གྲགས་པའི་ཆོ་འཕྲུལ་མཆོད་པ་མཛད་ཅིང་། དེའི་རྒྱུན་དེང་སང་གི་བར་དུ་མ་ཆད་པར་ཡོད། རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོའི་མཛད་ཆེན་དེའི་རྗེས་སུ་འབྲངས་ཏེ་ཆོ་འཕྲུལ་སྨོན་ལམ་དུ་གྲགས་པ་དབུས་གཙང་། མངའ་རིས། བར་ཁམས། མདོ་སྨད། སོག་ཡུལ་རྣམས་སུ་མཛད་མཁན་མང་དུ་བྱུང་ཞིང་། མ་ཧ་ཙི་ནའི་ཡུལ་ཁམས་སུ་འཇམ་དབྱངས་གོང་མ་ཆེན་པོ་ཤིན་ཙུ་རྒྱལ་པོས་ལྷ་ཁང་སེར་པོར་གྲགས་པའི་གཙུག་ལག་ཁང་གསར་བཞེངས། དེར་དགེ་འདུན་གྱི་སྡེ་བསྡུས་ཏེ། ས་བྱ་ཟླ་བ་དང་པོའི་ཚེས་བརྒྱད་ནས། ཆོ་འཕྲུལ་སྨོན་ལམ་འཛུགས་པར་མཛད་པ་དེང་སང་གི་བར་དུ་ཇེ་འཕེལ་དུ་གྱུར། དེ་ཡང་སྔ་སོར་ཟླ་བ་དང་པོའི་ཚེས་བརྒྱད་ནས་བཅོ་ལྔའི་བར་ཆོ་འཕྲུལ་སྨོན་ལམ་མཛད་བཞིན་པའི་སྟེང་དུ་འཇམ་དབྱངས་གོང་མ་ཆེན་པོ་བདེ་སྐྱིད་རྒྱལ་པོས་ཙན་དན་ཇོ་བོ་བཞུགས་པའི་གཙུག་ལག་ཁང་གསར་བཞེངས་དེར་དགེ་འདུན་གྱི་སྡེ་བསྡུས་ཏེ། ས་འབྲུག་ཟླ་བ་དང་པོའི་ཚེས་གསུམ་ནས་ཚེས་བརྒྱད་ཀྱི་བར་ཆོ་འཕྲུལ་མཆོད་པ་ཞག་པོ་འཕར་མ་སྣོན་པར་མཛད། དེ་ཡང་ཟླ་བ་དང་པོའི་ཡར་ངོའི་ཞག་བཅོ་ལྔ་པོ་ཆོ་འཕྲུལ་གྱི་དུས་ཆེན་ཡིན་ཀྱང་། ཚེས་བདུན་ཡན་གྱི་ཆོ་འཕྲུལ་ལ་འགྲན་ཟླ་དང་བཅས་པའི་ཆོ་འཕྲུལ་དང་། ཚེས་བརྒྱད་ཀྱི་ཉིན་མུ་སྟེགས་ཀྱི་སྟོན་པ་དྲུག་བཅོམ་ཞིང་། དེ་དག་གི་འཁོར་དགུ་ཁྲི་ཆིག་སྟོང་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་སྟེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་དགྲ་བཅོམ་པར་གྱུར་པས་དེ་ཕྱིན་གྱི་ཆོ་འཕྲུལ་ལ་འགྲན་ཟླ་མེད་པའི་ཆོ་འཕྲུལ་དུ་གྲགས་པ་དང་། རྗེ་ཙོང་ཁ་པ་ཆེན་པོས་ཀྱང་ཟླ་བ་དང་པོའི་ཚེས་བརྒྱད་ཀྱི་ཉིན་ཇོ་ཤཱཀ་སོགས་སྐུའི་རྟེན་ཐམས་ཅད་ལ་གསེར་ཆབ་སྒྲོན་པར་མཛད་པ་དུས་ཆེན་ཁྱད་པར་བ་ལ་དགོངས་ནས་ཡིན་པས་ཕྱིས་སུ་ཚེས་བརྒྱད་ལ་འགོ་འཛུགས་པ་དང་། ལོ་གསར་གྱི་ཚེས་གཅིག་ལ་སྲིད་གསུམ་བདག་མོ་མཆོད་པའི་དུས་ཁྱད་པར་བ་ཡིན་པས་སྲིད་གསུམ་བདག་མོ་མཆོད་པ་དང་། ཕལ་མོ་ཆེས་ལོ་གསར་གྱི་དགའ་སྟོན་བྱེད་པ་སོགས་བྲེལ་བ་ཆེ་བས་ཚེས་གཉིས་ལ་སྦྱོར་བ་ནས། ཚེས་གསུམ་ལ་དངོས་གཞི་འགོ་འཛུགས་པ་བྱུང་ངོ་། །ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱི་གསུང་སོགས་ལ་གཞི་བྱས་ཏེ་བཀོད་ཅིང་། འདི་མདོ་མཛངས་བླུན་དང་ལུང་རིགས་གཏེར་མཛོད་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་༼ ཁ ༽༣༣༩ན༢ན་གསལ་ལོ། །