2302

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས
Tibetan Definition <དྷརྨ> དྷརྨ་ “धर्मः” ཞེས་པ་བོད་སྐད་དུ་བསྒྱུར་ན་འཛིན་པའམ་ཆོས་ཞེས་བྱ་ལ། ཆོས་ཀྱི་སྒྲ་དོན་བཅུ་ལ་འཇུག་སྟེ། 1 ཤེས་བྱ། ཆོས་ཀྱི་སྒྲ་ལ་འཇུག་པ་ནི་མདོ་ལས། ཆོས་གང་ལ་ལ་འདུས་བྱས་སམ། འདུས་མ་བྱས་། ཞེས་པ་ལྟ་བུའོ། ། 2 ལམ། ལམ་ལ་འཇུག་པ་ནི། དགེ་སློང་དག་ལོག་པའི་ལྟ་བ་ནི་ཆོས་མ་ཡིན་ལ་ཡང་དག་པའི་ལྟ་བ་ནི་ཆོས་ཡིན་ནོ། །ཞེས་གསུངས་པ་ལྟ་བུ།  3 མྱང་འདས། དེ་ལ་འཇུག་པ་ནི། ཆོས་ལ་སྐྱབས་སུ་སོང་བ་ཞེས་པ་ལྟ་བུ།  4 ཡིད་ཀྱི་ཡུལ། དེ་ལ་འཇུག་པ་ནི། ཆོས་ཀྱི་སྐྱེ་མཆེད་ཅེས་པ་ལྟ་བུ།  5 བསོད་ནམས། དེ་ལ་འཇུག་པ་ནི། བཙུན་མོའི་འཁོར་དང་གཞོན་ནུ་མ་རྣམས་དང་ལྷན་ཅིག་ཏུ་ཆོས་སྤྱོད་ཅེས་པ་ལྟ་བུ། 6 ཚེ། (ཚེ་འདི་ཕྱི་ཞེས་པའི་ཚེ) དེ་ལ་འཇུག་པ་ནི། བྱིས་པ་ནི་མཐོང་བའི་ཆོས་གཅེས་པར་འཛིན་པ་ཡིན་ཞེས་པ་ལྟ་བུ། 7 གསུང་རབ། དམ་པའི་ཆོས། དེ་ལ་འཇུག་པ་ནི། དགེ་སློང་དག་ཆོས་ཞེས་པ་ནི་འདི་ལྟ་སྟེ། མདོ་སྡེ་དང་། དབྱངས་ཀྱི་བསྙད་པའི་སྡེ་དང་། ཞེས་པ་ལྟ་བུ། 8 འབྱུང་འགྱུར། དེ་ལ་འཇུག་པ་ནི། ང་ཡང་འཆི་བའི་ཆོས་དང་འཆི་བའི་ཆོས་ཉིད་ལས་མ་འདས་སོ། །ཞེས་པ་ལྟ་བུ། 9 ངེས་པ། དེ་ལ་འཇུག་པ་ནི། དགེ་སྦྱོང་གི་ཆོས་བཞི་ཞེས་དང་། དགེ་སློང་དག་སྲོག་གཅོད་པ་ནི་ཆོས་མ་ཡིན་ལ། སྲོག་གཅོད་སྤངས་པ་ནི་ཆོས་ཡིན་ནོ། །ཞེས་སོགས་འབྱུང་བ་ལྟ་བུའོ། །q ལུགས་སྲོལ། ཆོས་ལུགས། ཁྲིམས། དེ་ལ་འཇུག་པ་ནི། ཡུལ་ཆོས་ཞེས་པ་ལྟ་བུ། དོན་བཅུ་པོ་དེ་དག་འཛིན་པའི་སྒྲ་དོན་དང་འབྲེལ་ཚུལ་ནི། ཤེས་བྱས་རང་སྤྱིའི་མཚན་ཉིད་འཛིན་པ་དང་། ལམ་དང་མྱང་འདས་ཀྱིས་ནི་འཁོར་བར་ལྟུང་བ་ལས་འཛིན་པ་དང་། ཡིད་ཡུལ་གྱིས་ནི་ཡིད་འཛིན་པ་དང་། བསོད་ནམས་ཀྱིས་ནི་ངན་འགྲོར་ལྟུང་བ་ལས་འཛིན་པ་དང་། འབྱུང་འགྱུར་གྱིས་ནི་འབྱུང་རྒྱུའི་ཆོས་དེ་འཛིན་པ་དང་། ངེས་པས་ནི་ངེས་པར་བྱ་བའི་གཞི་འཛིན་པ་དང་། ལུགས་ཀྱིས་ནི་རང་དང་མཚུངས་པའི་སྤྱོད་པ་འཛིན་པ་བཅས་སོ། །དེ་ཡང་རྣམ་བཤད་རིག་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་གསུངས་པ་ལྟར་རོ། །ཆོས་ཀྱི་སྒྲ་གོང་དུ་བཤད་པའི་དོན་བཅུ་ལ་འཇུག་པ་མ་ཟད་དོན་གཞན་ལའང་འཇུག་སྟེ། w རིགས་པ། དེ་ལ་འཇུག་པ་ནི། ཆོས་ཀྱིས་ཆོས་འཚོལ་བར་བྱེད་དེ། ཆོས་མ་ཡིན་པས་མ་ཡིན་ནོ། །ཞེས་པ་ལྟ་བུ། e ཁྱད་ཆོས་ཀྱི་བསྡུས་ཚིག དཔེར་ན་ལུས་ཀྱི་ཁྱད་ཆོས་ལ་ལུས་ཀྱི་ཆོས་ཞེས་པ་ལྟ་བུའོ། །ཆོས་ཀྱི་སྒྲ་བཤད་ནི། སེམས་རྒྱུད་ཉོན་མོངས་དུག་གསུམ་ལས་འཆོས་པར་བྱེད་པས་སྒོ་ནས་འཁོར་བ་དང་ངན་སོང་གི་གཡང་ས་ཆེན་པོར་ལྟུང་བ་ལས་འཛིན་པར་བྱེད་པས་དེ་སྐད་ཅེས་བྱ་བའོ། །འདི་ལ་བོད་སྐད་ཀྱི་ཆོས་ཀྱི་སྒྲ་བཤད་དང་དེའི་སྐད་དོད་དྷརྨ་གཉིས་ཀའི་ངེས་ཚིག་ཚང་ངོ་། །སྡེ་དགེ་བསྟན་འགྱུར་༼ གེ་པ ༽སློབ་དཔོན་མི་ཕམ་བཤེས་གཉེན་གྱི་རིན་ཆེན་ཕྲེང་བའི་རྒྱ་ཆེར་བཤད་པ་༡༢༧བ༧ལས། ངན་སོང་དུ་ལྟུང་བ་ལས་འཛིན་པའི་ཕྱིར་རམ་རྒུད་པར་ལྟུང་བ་ལས་འཛིན་པའི་ཕྱིར་ཆོས་ཏེ། ཞེས་གསུངས་པ་ལྟར་རོ། །གོང་གི་དེ་དམ་པའི་ཆོས་ཀྱི་སྒྲ་བཤད་ཡིན། སྤྱིར་ཆོས་ཙམ་གྱི་སྒྲ་བཤད་ནི་འཛིན་པར་བྱེད་པས་ན་ཆོས་ཞེས་བྱའོ། །