232

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུནྟ
Tibetan Definition (ལེགས་སྦྱར) 1 ཁྲི་ཤིང་ལ་སྐྱེས་པའི་དྲི་ཞིམ་ལ་ཁ་དོག་དཀར་བའི་མེ་ཏོག་ཆུང་ངུ་མཐེབ་རྗེས་ཙམ་པ་ཞིག་གི་མིང་། རྒྱ་གར་གྱི་ཡུལ་སྐད་དུ “चमेली ཅ་མེ་ལཱི”དང་། ཕྱི་རྒྱལ་བས་ Jasmine ཟེར། Jasmine ནི་ Persia པར་སི་ཡའམ་ “པར་སིག” སྟེ། དེང་སང་ Iran ཨི་རཱན་ཟེར་བའི་ཡུལ་དེའི་སྐད་དུ་ Yasmin “ཡེསེ་མིན” ཞེས་པ་སྟེ། “Gift from God” དཀོན་མཆོག་གི་གནང་སྦྱིན་ནམ། དཀོན་མཆོག་གི་གསོལ་རས་ཞེས་པའི་དོན་ཡིན་པར་ཝི་ཀི་རིགས་མཛོད་ཆེན་མོར་བཤད། མདོར་ན་ Jasmine ནི། ཨ་རབ་ཀྱི་ Yasmin ཞེས་པའི་སྒྲ་ཉམས་པར་སྣང་ངོ་། །མལླི་ཀཱ་ཟེར་བ་ཡང་ཀུནྟ་རང་ལ་ཟེར་བ་ཡིན་འདུག དགེ་འདུན་ཆོས་འཕེལ་གྱིས་ཅ་མེ་ལཱི་དང་མལླི་ཀཱ་ “मल्लिका” གཉིས་དོན་འདྲ་བར་བཤད་ཅིང་། ལེགས་སྦྱར་གྱི་ཚིག་མཛོད་རྣམས་སུའང་དེ་ལྟར་འབྱུང་། ཁུ་ནུ་བླ་མའི་ངག་སྒྲོན་འགྲེལ་པར་ཀུནྟའི་འགྲེལ་བཤད་ལ་ལྡུམ་ཞིག་གི་མེ་ཏོག་དཀར་པོ་ཞེས་འབྱུང་ངོ་ཞེས་གསུངས། འདི་ལ་རིགས་མི་འདྲ་བ་ཉིས་བརྒྱ་ཙམ་ཡོད་པར་བཤད། རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་གྱི་སྲང་ལམ་ཁྲོད་དུ་ཉོ་ཚོང་བྱེད་ཅིང་ཤིན་ཏུ་འབོལ། ཀུནྟའི་མེ་ཏོག་སིལ་མ་དག་ལྟེ་བ་ནས་སྐུད་པ་དྲངས་ཏེ་ཕྲེང་རྒྱན་བཟོས་ཏེ་ལྷའི་མཆོད་རྫས་དང་། བུད་མེད་རྣམས་ཀྱིས་སྐྲའི་ལན་བུ་ལ་འདོགས་པར་བྱེད།  2 མཚན་མོ་ཁ་འབྱེ་བའི་མེ་ཏོག་ཀུནྟའི་ཁྱད་པར་ཞིག དབྱིབས་དང་། ཁ་དོག དྲི། ཆེ་ཆུང་སོགས་ཡོངས་གྲགས་ཀྱི་མེ་ཏོག་ཀུནྟ་དང་འདྲ་ལ། ཁྱད་པར་ནི་འདི་མཚན་མོར་ཁ་འབྱེ་ལ་དྲི་ཞིམ་འཐུལ་བ་ཞིག་སྟེ། སེ་ར་བྱ་བྲལ་ཁང་ཚན་གྱི་འདུ་ཁང་རྙིང་པའི་ཉེ་འདབས་སུ་མཚན་མོ་སྐབས་རེར་མགོ་ན་བའི་ཚོད་ཙམ་དུ་དྲི་ངད་འཐུལ་ཡོང་། རྗེ་ཙོང་ཁ་པ་ཆེན་པོའི་ལེགས་བཤད་སྙིང་པོར། ཟླ་བ་ལས་འོང་ལེགས་བཤད་འོད་དཀར་གྱིས། །བློ་མིག་ཀུན་དའི་ཚལ་རབ་ཕྱེ་བའི་ཚེ། །ཞེས་དང་། རྗེའི་རྟེན་འབྲེལ་བསྟོད་པ་ལས་ཀྱང་། ཀླུ་སྒྲུབ་གཞུང་ལུགས་ཀུན་དའི་ཚལ། །དྲི་མེད་མཁྱེན་པའི་དཀྱིལ་འཁོར་རྒྱས། །གསུང་རབ་མཁའ་ལ་ཐོགས་མེད་རྒྱུ། །མཐར་འཛིན་སྙིང་གི་མུན་པ་སེལ། །ལོག་སྨྲའི་རྒྱུ་སྐར་ཟིལ་གནོན་པ། །དཔལ་ལྡན་ཟླ་བའི་ལེགས་བཤད་ཀྱི། །འོད་དཀར་ཕྲེང་བས་བསལ་བྱས་པ། །ཞེས་མེ་ཏོག་ཀུནྟ་འདི་ཟླ་བས་ཁ་འབྱེད་པར་གསུངས་པ་དང་ཡང་ཕལ་ཆེར་མཐུན་ནོ། །སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་ལས་ཀྱང་། ལྷག་བསམ་དག་པའི་དགེ་ལེགས་ནི། །ཟླ་ཟེར་འཐུངས་པའི་ཀུནྟས་ཀྱང་། །མཚོན་པ་མིན་དེས་རྒྱལ་བའི་བསྟན། །འཁྲུལ་མེད་ཡུན་དུ་གནས་གྱུར་ཅིག །ཅེས་གསུངས་སོ། །འདི་ཟླ་བས་ཁ་འབྱེད་མིན་ཇི་ལྟར་ཡང་མཚན་མོར་འཆར་བ་ནི་བསྙོན་དུ་མེད་དོ། །༸རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་ཕུར་ལྕོག་ངག་དབང་བྱམས་པས་མཛད་པའི་རྗེའི་རྟེན་འབྲེལ་བསྟོད་པའི་འགྲེལ་པར། ཀུན་ད་ཞེས་པ་ཀུ་མུད་ (ཀུ་མུད་ནི་མེ་ཏོག་པདྨའི་བྱེ་བྲག་ཅིག་གོ) ལ་གོ་འདུག་པ་ནི་ནོར་བར་སེམས་སོ། ། 3 (གསང་སྔགས) སྔགས་ཀྱི་གབ་ཚིག་ཅིག་སྟེ། སྐྱེས་པའི་ཁམས་དཀར་པོ། ཐིག་ལེ། ཕོའི་ཁུ་བ། ཀུནྟ་མི་འབྱིན་ཚངས་སྤྱོད་བསྟེན། ཞེས་པ་ལྟ་བུ།  4 (སྔགས) སྔགས་ཀྱི་གབ་ཚིག་ཅིག་སྟེ། ཁ་དོག་དཀར་བའི་དཔེའོ། །དཔེར་ན་སྐྱེས་པའི་ཁམས་དཀར་པོ་ལ་ཀུནྟ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཞེས་པ་ལྟ་བུ།